གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

རྨ་ཡུལ་ཨ་སྐྱོང་ཁྲ་ཚོགས་དགོན་གྱི་ལོ་རྒྱུས་མདོར་བསྡུས།

སྤེལ་དུས 2018-10-12 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། དིལ་ཁ་ཚེར།

         དགོན་པ་འདི་རྨ་ཆེན་རྫོང་དྭངས་ལག་ཡུལ་ཚོ་ནས་སྤྱི་ལེ་སོ་བརྒྱད་མཚམས་སུ་ཡོད།དགོན་པ་འདི་སྔོན་གྱི་ཚེ་གདན་ས་གཏན་ཁེལ་མེད་པའི་སྦྲ་གུར་གྱི་དགོན་པ་ཞིག་ཡིན།བོད་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ལོ་སྟེ།ཕྱི་ལོ1820ལོར་ཨ་རིག་རྭ་རྒྱ་དགོན་གྱི་ཡ་མགོ་དགེ་བཤེས་ཀྱིས་ཕྱག་བཏབ་མཛད་ཅིང་།རྒྱུད་སྡེ་གསར་འཛུགས་དང་སྤྱི་སྲུང་དབྱར་གནས་སོགས་རིམ་གྱིས་འཚོགས་ཏེ།ལམ་རིམ་བློ་སྦྱོང་སོགས་ཀྱི་ཆོས་ཐོག་དབུ་ཚུགས།
         བོད་རབ་བྱུང་བཅུ་བཞི་པའི་ས་སྤྲེལ་ལོ་སྟེ།ཕྱི་ལོ1848ལོར་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་གཟིགས་སྐྱོང་མཛད་དེ།ཁོང་གི་བླ་ཚབ་ཏུ་དཀའ་ཆེན་ཡེ་ཤེས་རྡོ་རྗེ་དབུ་བླ་བྱོན། དེ་ནས་བཟུང་སྤྱི་ཚོགས་བཅོས་སྒྱུར་བར་དུ་བླ་ཚབ་རྣམས་ཀྱིས་དགོན་པ་འདི་གཟིགས་སྐྱོང་མཛད།
         བོད་རབ་བྱུང་བཅོ་ལྔ་མེ་ལུག་ལོ་སྟེ། ཕྱི་ལོ1907ལོར་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མ་མཆོག་གིས་དགོན་འདིར་བཀའ་ཤོག་ཐམ་ཀ་དང་བཅས་ཨ་རིག་དགེ་བཤེས་ཆེན་མོའི་བཅའ་ཡིག་དངོས་སུ་གནངས་ཏེ།   དགོན་པའི་སྒྲིག་ལམ་དང་དོ་དམ་བྱེད་ཕྱོགས་སོགས་འཛིན་སྐྱོང་གི་སྒོ་ཀུན་ནས་ལམ་སྟོན་གནངས།
         དུས་དེ་ནས་བཟུང་སྟེ་ཨ་རིག་དགེ་བཤེས་ཆེན་མོའི་བཅའ་ཡིག་གཞིར་བཅས་ནས།དགེ་འདུན་པ་རྣམས་ཀྱིས་ཆོ་ག་ཕྱག་ལེན་དང་། རབ་བྱུང་བའི་ལྟ་སྤྱོད་ཐམས་ཅད་ཚུལ་ལྡན་དོན་མཐུན་གྱིས་ལག་ལེན་གང་ཐུབ་མཛད།
         བོད་རབ་བྱུང་བཅོ་ལྔ་པའི་ཆུ་གླིང་ལོ་སྟེ། ཕྱི་ལོ1913ལོར་རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་གདན་ཞུ་བྱས་ཤིང་། གསར་རྙིང་རིས་མེད་ཀྱི་བསྟན་པ་སྤེལ་ཞིང་མཁན་རབས་དུ་མས་དགོན་པ་འདིར་གཟིགས་སྐྱོང་མཛད།
         བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོ་སྟེ།ཕྱི་ལོ1935ལོར་པཎ་ཆེན་ཆོས་ཀྱི་ཉི་མ་མཆོག་སྐུ་དངོས་སུ་བྱོན་ནས་དྭངས་ཧར་མོ་ཆེའི་མདོ་རུ་དད་ལྡན་ཁྲི་ཕྲག་དུ་མར་འོད་དཔག་མེད་མྱུར་ལམ་གྱི་དབང་དང་མདོ་སྔགས་ཀྱི་ཆོས་ཚན་མང་པོ་དང་ལུགས་གཉིས་བླང་དོར་གྱི་བསླབ་བྱ་མང་པོ་གནང་བའི་རྗེས་དྲན་དུ་ད་ལྟ་པཎ་ཆེན་བཞུགས་ཁྲི་སོགས་མཇལ་རྒྱུ་ཡོད་དོ། །
         ཕྱི་ལོ་1953ལོར་མ་ཎི་བླ་མ་ཐུབ་བསྟན་ཞི་བའི་བློ་གྲོས་སམ་པདྨ་སིདྷི་རིན་པོ་ཆེ་མཆོག་གིས་རྡོ་མཁར་བཞེངས་ཤིང་། དུར་ཁྲོད་ཕྱག་བཏབ་མཛད་དེ་དགོན་འདིའི་གདན་ས་ཁྲ་ཚོགས་ལ་གཏན་ཁེལ་བྱས་པས། དགོན་མིང་ལ་ཁྲ་ཚོགས་དགོན་ཞེས་སུ་ཐོགས་སོ།།ཕྱིས་སུ་དགོན་འདིར་བཀའ་དྲིན་དང་ཐུགས་རྗེ་གཞལ་མཐའ་བྲལ་བའི་ལུང་བའི་བླ་མ་པདྨ་བསམ་འགྲུབ་མཆོག་གི་རྨི་ལྟས་ཁྱད་འཕགས་ཤིག་དང་སྒོ་བསྟུན་ནས། ཁོང་གིས་དགའ་ལྡན་ཆོས་འཁོར་གླིང་ཞེས་སུ་མཚན་ཐོགས་ཞེས་བཀའ་བསྩལ་པ་ལྟར་ད་ལྟ་ཁྲ་ཚོགས་དགོན་དགའ་ལྡན་ཆོས་འཁོར་གླིང་ཞེས་ཟེར།
         ཕྱི་ལོ1958ལོའི་སྤྱི་ཚོགས་བཅོས་སྒྱུར་དང་རིག་གནས་གསར་བརྗེར་རིན་ཐང་གཞལ་དཀའ་བའི་རིག་དངོས་སྣ་ཚོགས་ཏེ། པན་རིན་པོ་ཆེས་གནངས་པའི་བཀའ་ཤོག་དང་ཐམ་ཀ བཀའ་དང་བསྟན་བཅོས་ཀྱི་དཔེ་རྙིང་རྩ་ཆེན། ཨ་སྐྱོང་མཆོད་ཆ་དང་ལྷ་གུར།གསེར་སྐུ་བྱིན་ཅན་དུ་མ་དུས་ཀྱི་རླུང་ནག་འཚུབ་མས་ལྷག་མེད་དུ་རྩ་བརླགས་བྱས་ཤིང་།དགོན་འདིའི་སྐྱེས་ཆེན་དུ་མའི་སྐུ་སྲོག་འཆོར་མྱོང་ངོ་།།
         དེ་ནས་བསྟན་པ་ཡང་དར་སྐབས་ཏེ།  ཕྱི་ལོ1983ལོར་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དར་ནས།རྒྱལ་ཁབ་ཀྱིས་ཆོས་ལུགས་བྱ་འགུལ་ས་ཚུགས་ཀྱི་མིང་བཏགས་པ་དང་། ཕྱི་ལོ1985ལོར་དངོས་སུ་དགོན་པའི་ཆོག་མཆན་ཐོབ་པས། བཀའ་དྲིན་དང་ཐུགས་རྗེ་བླ་ལྷག་ཏུ་ཆེ་བ། ལུང་བའི་བླ་མ་པདྨ་བསམ་འགྲུབ་དང་། མཆོག་སྤྲུལ་ཚུལ་ཁྲིམས་ནོར་བུ་། ཤར་འོད་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་རྣམས་ཀྱིས་གཙོར་མཛད་རྒན་རབས་པ་ཁ་ཤས་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་མཉམ་འབྲེལ་བྱས་ནས། ས་གནས་འདིར་འདུ་ཁང་གསར་བཞེངས་མཛད་དེ། དགོན་པ་ཕྱག་བཏབ་མཛད་པ་ཡིན།
         བོད་རབ་བྱུང་བཅུ་དྲུག་མེ་སྟག་གི་ལོ་སྟེ། ཕྱི་ལོ1986ལོར་རྭ་རྒྱའི་མཁན་ཚུལ་ཁྲིམས་བཟང་པོ་གདན་ཞུ་བྱས་ནས།དགེ་འདུན་པ་བཅུ་ཕྲག་གཉིས་ལྷག་གིས་རབ་བྱུང་དང་བསྙེན་རྫོགས་སྡོམ་པ་བཞེས་ཤིང་། དབྱར་གནས་དང་གསོ་སྦྱོང་སོགས་གཞི་གསུམ་གྱི་ཕྱག་ལེན་གསར་འཛུགས་མཛད།
         ཕྱི་ལོ1985ལོར་ཨ་སྐྱོང་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་དགོན་འདིར་ཞབས་ཀྱིས་བཅག་སྟེ། དགུན་ཆོས་ལ་སྙིང་ཐིག་སྔོན་འགྲོ་དང་སེམས་ཉིད་ངལ་གསོ་སོགས་དབང་བཀའ་ཆོས་གྱ་ནོམ་པ་གནངས། ཕྱི་ལོ1993ལོར་བཤད་གྲྭ་དབུ་ཚུགས་ནས་སྔོན་འགྲོ་སྤྱོད་འཇུག་སྡོམ་གསུམ་སོགས་བློ་སྦྱོང་གཙོར་བྱས་པའི་བཤད་སྒྲུབ་ཀྱི་འཆད་ཉན་རང་དགོན་གྱི་མཁན་ཆོས་གྲགས་སོགས་མཁན་རབས་དུ་མས་འབད་བརྩོན་ལྷོད་མེད་ཀྱིས་དགོན་པ་བསྐྱངས། ཕྱི་ལོ2005ལོར་རྔ་ཡུལ་ཀིརྟི་དགོན་ཆེན་གྱི་ཨ་ལགས་སྒོ་རི་ཚང་གིས་ཞལ་བཀོད་ལྟར་མཚན་ཉིད་གསར་འཛུགས་བྱ་རྒྱུ་ཐག་ཆོད་བྱུང་ནས་ཨ་རིག་རྭ་རྒྱ་དགོན་པའི་དགེ་རྒན་གྲགས་པ་བཟང་པོ་ལགས་གདན་ཞུ་བྱས་ཏེ།མཚན་ཉིད་གསར་ཚུགས་ཀྱི་ཉིན་བྱེད་མཁའ་ནས་ཤར།དཔེ་ཁྲིད་དང་རྩོད་པ། སྒྲིག་ལམ་སོགས་ལ་དགེ་རྒན་མཆོག་གིས་གཟིགས་སྐྱོང་བླ་ལྷག་མཛད་པས།མཚན་ཉིད་སློབ་སྦྱོང་གི་རྨང་གཞི་ལེགས་པར་ཚུགས།
         ཕྱི་ལོ2008ལོར་རྭ་རྒྱའི་མཁན་ཟུར་དགེ་བཤེས་ངག་དབང་རྒྱ་མཚོ་མཆོག་བྱོན་ནས་དཔེ་ཁྲིད་དང་རྩོད་པ་སྒྲིག་ལམ་སོགས་ཕྱོགས་དང་སྒོ་ཀུན་ནས་གཟིགས་སྐྱོང་བླ་མེད་མཛད་དང་། མཛད་བཞིན་པའི་སྐབས་ལགས་སོ།།
         དགོན་པ་འདིར་ད་ལྟ་དགེ་འདུན་པའི་ཞལ་གྲངས་200ལྷག་ཡོད་པ་དང་། འཛིན་གྲྭ་གོང་འོག་བདུན་སྟེ། གོང་མ་རྣམས་ཀྱིས་ཕར་ཕྱིན་སྐབས་དང་པོ་དང་ཟུར་བཀོད་ཆ་ཚང་། ཀུན་གཞི་དང་རྣམ་འགྲེལ་ལེའུ་དང་པོ། བྱང་ཆུབ་ལམ་རིམ་ཆེན་མོ་ཆ་ཚང་བ་བཅས་ལ་ཐོས་བསམ་རྣལ་མའི་བློ་གྲོས་ཀྱི་འཇུག་པ་མཐར་སོན་ཅིང་།མདོ་རྒྱུད་གཙུག་ལག་རིག་པའི་གངས་དཀར་གྱི་སྤོ་རུ་ཐོས་བརྩོན་ཤེས་རབ་རྣལ་མའི་རྩལ་གྱིས་འཛེགས་པར་གུས་རྟག་ཟུང་གི་བརྩོན་པའི་བརྟུན་པ་གཡོ་མེད་དུ་བསྐྱེད་བཞིན་པ་འདི་ལགས་སོ།།