དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

མདའ་ཚན་དགོན་གྱི་ངོ་སྤྲོད་མདོར་བསྡུས།

སྤེལ་དུས 2018-10-18 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། མདའ་མེ་ལྕེ།
          མདའ་ཚན་དགོན་བཀྲ་ཤིས་དགའ་ལྡན་གླིང་ནི་རྨ་ལྷོ་སོག་རྫོང་གི་ཤར་རྒྱུད་དུ་སྤྱི་ལེ་རེ་བཞི་འདས་པ་ན་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ས་མཚམས། མིང་དུ་གྲགས་པའི་གཙང་བོ་ཀླུ་ཆུ་དང་ཡན་ཆུ་གཉིས་ཀྱི་འདྲེས་མཚམས་སུ་ཆགས་པའི་དཔལ་རི་བོ་དགེ་ལུགས་པའི་དགོན་པ་ཞིག་ཡིན།
          དགོན་པ་འདི་ཐོག་མར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་༧རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོ་མཆོག་དབུས་ཕེབས་གཉིས་པའི་སྐབས་སུ་ཕྱོགས་འདིའི་སྐྱེ་འགྲོ་ཡོད་ཚད་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་བྱས་ནས་མི་འགྱང་བར་སྐྱེས་ཆེན་དམ་པ་ཞིག་གིས་དགོན་པ་འདེབས་ངེས་ཡིན་ཞེས་འགྱུར་མེད་རྡོ་རྗེའི་ལུང་གིས་དངོས་སུ་བསྟན་པ་བཞིན། རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་བྱི་བ་༡༩༢༤ལོར་རྡོ་རྗེ་འཆང་ཆེན་པོ་བྲག་དགོན་སྐུ་ཕྲེང་བཞི་བ༧རྗེ་བཙུན་འཇམ་དབྱངས་བསྟན་པ་རྒྱ་མཚོ་དཔལ་བཟང་བོས་ཕྱག་འདེབས་གནང་།
          ཤིང་གླང་ལོར་འདུ་ཁང་ཆེན་མོ་རྨང་བཏིང་སྟེ་འགྲུབ་ལ་ཉེ་བའི་མཚམས་སུ་དུས་ཀྱི་འཁྲུག་སློང་དབང་གིས་རེ་ཞིག་འདུ་ཁང་བཞེངས་པ་དང་འཆད་ཉན་འཕེལ་བ་སོགས་ཀྱི་བར་ཆད་དུ་གྱུར། ཡིན་ཡང་རྒྱུན་ཇ་དང་གཞི་གསུམ་གྱི་ཕྱག་བཞེས་ཆག་མེད་གནང་། རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོར་ཚོགས་ཆེན་འདུ་ཁང་དང་སྟོན་ཆོས་ཆེན་མོ་སོགས་ལེགས་པར་འགྲུབ་སྟེ་དགའ་ལྡན་ལྔ་མཆོད་ཆེན་མོར་འདུ་ཁང་དུ་གསར་འཚོགས་མཛད། ཕྱིས་སུ་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་བཅུ་བཞི་བ་ལྕགས་འབྲུག་ལོར་ཀུན་མཁྱེན་ལྔ་བ་ཆེན་པོ་དབུས་ནས་མདོ་སྨད་དུ་ཕེབས་སྐབས་དགོན་འདིར་ཞབས་ཀྱིས་བཅགས་ཏེ་༧སྔར་གྱི་རྒྱུད་གྲྭའི་འདོན་པ་སོར་བཞག་གི་སྟེང་གཙོ་བོ་མཚན་ཉིད་ཅིག་བཙུག་ན་ལེགས་ཞེས་སྐུ་དངོས་ཀྱི་ཞལ་སྔ་ནས་ཐལ་སྐད་གཅིག་བཏང་སྟེ་མདོ་སྔགས་བཤད་སྒྲུབ་ཀྱི་འཆད་ཉན་ཕྱོགས་སུ་རྒྱས་པའི་བཀྲ་ཤིས་རྟེན་འབྲེལ་གྱི་སྒོ་འཕར་ཐོག་མར་ཕྱེས་ཤིང་དགོན་འདིའི་བཅའ་ཡིག་ཀྱང་ལྗགས་རྩོམ་མཛད།
          རབ་རྒྱལ་ལྕགས་འབྲུག༡༩༤༠ལོར་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྡོ་རམས་པ་འཇིགས་མེད་རྒྱ་མཚོ་ཚང་དགོན་འདིར་མཚན་ཉིད་དགེ་རྒན་དུ་གནང་བ་ནས་བཟུང་ཐུབ་བསྟན་གདུགས་དཀར་ཡུ་བ་གྱེན་དུ་འདེགས་ལ་འཇིགས་མེད་ཐུགས་ཀྱི་སྤོབས་པ་གཅིག་ཏུ་དཔའ་བའི་དགེ་བའི་བཤེས་གཉེན་དུ་མ་བར་མ་ཆད་པར་བྱོན་ནས་དགོན་འདིར་སྐྱོང་བཀུར་ཚད་མེད་གནང་།
          རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ༡༩༥༥ལོར་བླ་བྲང་ནས་ཨ་ཁུ་འཇམ་དབྱངས་ཀུན་བཟང་ཚང་དབྱངས་དཔོན་དུ་གདན་དྲངས་ནས་ཆོས་གྲྭའི་འདོན་པ་དང་འཇིགས་བྱེད་བདག་འཇུག་སོགས་བསྐྱར་ཁྲིད་གནང་ཞིང་རིགས་གྲྭའི་གཏོར་ཆེན་གསར་འཛུགས་གནང་བ་སོགས་འདོན་རྟ་དབྱངས་གསུམ་གྱི་ཕྱག་བཞེས་ཡོད་ཚད་མ་དགོན་བཀྲ་ཤིས་འཁྱིལ་བ་ཇི་ལྟ་བ་བཞིན་དུ་བཙུགས།
          དགོན་འདིའི་ནང་རྟེན་གྱི་གཙོ་བོ་སངས་རྒྱས་འོད་སྲུང་གི་ཚེམས་ཀྱི་ཆ་ཤས་ཐུགས་གར་བཞུགས་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་དབུས་ནས་གདན་དྲངས་པའི་རྗེའི་ཞབས་སྙུང་མ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དབུ་ནབ། ཀུན་མཁྱེན་འཇིགས་མེད་དབང་བོའི་གོས་བེར་དང་ཕྱག་དྲིལ། ཀུན་མཁྱེན་སྐུ་ཕྲེང་བཞི་བའི་ཕྱག་འཁར་དང་སྐུ་བརྙན་བྱིན་ཅན།
          དབུ་སྐྲ་དང་སྨྲ་ར་དངོས་སུ་སྐྱེས་ཡོད་པའི་བྲག་དགོན་རིན་པོ་ཆེ་རྗེ་བཙུན་འཇམ་དབྱངས་བསྟན་པ་རྒྱ་མཚོའི་འདྲ་སྐུ་བྱིན་ཅན་སོགས་བྱིན་རླབས་ཀྱི་ཚད་ཀ་བླ་ན་མཐོ་བའི་སྐུ་གསུང་ཐུགས་རྟེན་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་སྐྱེ་དགུའི་བསོད་ནམས་ཀྱི་སྐལ་བ་ཡོངས་སུ་ཟད་དེ་རིག་གསར་གྱི་རླུང་འཚུབ་ཁྲོད་ནས་འབྱུང་བཞིའི་ཁ་ཟས་སུ་ཐིམ་པར་གྱུར།
          དགོན་འདིའི་ཆོས་སྲིད་ལུགས་གཉིས་ཀྱི་མངའ་བདག་གཅིག་པུ། གྲུབ་པའི་དབང་ཕྱུག་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་བ་རྡོ་རྗེ་འཆང་བྲག་དགོན་ལྔ་བ་ཆེན་པོ༧ རྗེ་བཙུན་སྐལ་བཟང་བསྟན་པ་དགེ་ལེགས་རྒྱ་མཚོ་དཔལ་བཟང་བོའི་བཀའ་དགོངས་བཞིན་རབ་རྒྱལ་ལྕགས་བྱ་༡༩༨༡ལོའི་ཧོར་ཟླ་དང་བོའི་ཚེས་བཅུ་གསུམ་ཉིན་ཆོས་སྡེ་འདིར་བསྟན་པ་ཡང་དར་གྱི་དབུ་བརྙེས། དེ་ནས་རིམ་བཞིན་འདོན་ཆོས་དག་སྒྲིག་དང་། དགོན་པ་ཞིག་གསོ་སོགས་བྱས་ཏེ་༡༩༨༦ཁྲུམས་སྟོད་ཟླ་བའི་དགའ་བ་གསུམ་པའི་ཉིན་འདུ་ཁང་ཆེན་མོ་བསྐྱར་བཞེངས་ལེགས་གྲུབ་ཀྱི་སྒོ་གླེགས་ཡངས་པོར་ཕྱེས།
          རབ་རྒྱལ་ཤིང་བྱི་༡༩༨༤ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱངས་ཉི་མ་ཚང་དགོན་འདིར་བསྟན་པ་ཡང་དར་གྱི་མཚན་ཉིད་དགེ་རྒན་ཐོག་མར་ཕེབས་ནས་བཟུང་རིམ་བཞིན་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་བཟང་ཆོས་འབྱོར་རིན་པོ་ཆེ་སོགས་མཁས་གྲུབ་གཉིས་ལྡན་གྱི་དམ་པ་བར་མ་ཆད་པར་ཕེབས་ཏེ་ཆོས་གྲྭའི་ཆོས་ཐོག་བསྐྱར་འཛུགས་དང་། བསྡུས་གྲྭའི་འཛིན་གྲྭ་གཏུགས།  གསར་རྩོད། གཞུང་འཛིན་གྲྭ་གཏུགས།   ཕར་ཕྱིན་དམ་བཅའ་སོགས་གསར་འཛུགས་གནང་སྟེ། ད་ལྟ་འཛིན་གྲྭ་བཅུ་གསུམ་གྱིས་ལོ་གཅིག་གི་ཆོས་ཐོག་སོགས་ཉིན་གྲངས་ཙམ་མ་གཏོགས་བླ་བྲང་བཀྲ་ཤིས་འཁྱིལ་བ་ཇི་ལྟ་བུ་བཞིན་དུ་མཛད་ཀྱིན་ཡོད།
          སྤྱི་ལོ༡༩༨༧ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་དབུ་མཛད་ཆེན་མོ་ཅོ་ནེ་བ་བསོད་ནམས་རྒྱ་མཚོ་ཚང་བསྟན་པ་ཡང་དར་གྱི་དབྱངས་དཔོན་ཐོག་མར་བསྟེན་པ་ནས་བཟུང་ཨ་ཁུ་རྒྱུད་པའི་ཡོན་ཏན་སོགས་རིམ་པར་ཕེབས་ཏེ་འདོན་རྟ་དབྱངས། གར་ཕྱག་རྒྱ་སོགས་ཉམས་པ་སོར་ཆུད་དང་། གནས་པ་གོང་འཕེལ་གྱི་བཀའ་དྲིན་ཚད་མེད་བསྐྱངས་པས་ད་ལྟ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། འཇིགས་བྱེད་ལྷ་བཅུ་གསུམ་མའི་བདག་འཇུག   ཀུན་རིག   གསང་འདུས་སོགས་ཀྱི་འདོན་ཆོས་མ་ཚང་བ་མེད་པ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཕྱག་ལེན་བཞིན་དུ་ཚུགས་ཡོད་ལ་ལོ་རེར་དབྱར་དགག་གསོ་གསུམ་གྱི་གཙོས་ཆོ་འཕྲུལ་སྨོན་ལམ་ཆེན་མོ། བཞི་བའི་སྨྱུང་གནས། བརྒྱད་པའི་མ་ཎི། བཅུ་བའི་ལྔ་མཆོད། གདུང་མཆོད་བདག་འཇུག་སོགས་ཆག་མེད་དུ་གནང་གིན་ཡོད། དགོན་པ་འདིའི་ལྷ་སྡེའི་གཙོ་བོ་ཨ་ཝ་སུ་སྡེ་བ་དང་། ཤ་ལྷུ་སྡེ་བ། ཐུ་མེད་སྡེ་བ། ཅོང་དཀར་སྡེ་བ།  སྦྲ་ནག་སྡེ་བ་སྟེ་མདའ་ཚན་ཤོག་པ་ལྔ་ཡིན། ༢༠༡༦--༢--༨ཉིན།