ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

རྡོ་དཀར་དགོན་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་།

སྤེལ་དུས 2018-11-13 ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། མི་གསལ།
          རྡོ་དཀར་དགོན་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་ནི། ད་ལྟའི་གཙོས་གྲོང་ཁྱེར་སྣ་བུག་ཤང་གི་ཁོངས་སུ་ཆགས། འབྲས་སྤུངས་འབུལ་སྡུད་པ་བོད་པ་ཆོས་རྗེས་བཏབ། ནམ་བཏབ་ཀྱི་ལོ་ཚིགས་མི་གསལ། རྡོ་དཀར་ཞེས་བྱ་བའི་སའི་ཆར་ཆགས་པས་དགོན་གནས་ཀྱི་ཆ་ནས་ཡོངས་གྲགས་ལ་རྡོ་དཀར་དགོན་ཟེར། དགོན་འདི་ཐོག་མར་བཏབ་པ་ནས་བོག་ཚ་བླ་རྒན་བྱ་བས་ཚེ་དང་སྙོམས་པར་བསྐྱངས། སྒོ་རྫོང་དཔོན་རྒྱུད་རབ་འབྱམས་པ་བསྟན་སྐྱོང་གིས་རྡོ་དཀར་སྲིབ་རྒྱུད་ཀྱི་རུ་སྡེ་དྲུག་གི་ས་ཞིང་མི་སེར་དང་བཅས་པ་སྒོ་མང་གྲྭ་ཚང་གི་མཆོད་ཐེབས་སུ་ཕུལ། དེ་ལ་གནོད་འགལ་མི་བྱེད་པའི་བཀའ་ཤོག་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ལྕགས་ཁྱི་ལོར་གནང་། དུས་དེ་ནས་བཟུང་རེ་ཞིག་བར་སྒོ་མང་གཞུང་ནས་ཁ་འཛིན་མཛད་དེ་རྡོ་དཀར་སྒར་གྲོང་གི་བླ་དཔོན་རྣམས་རིམ་པར་བསྐོས། སྒར་གྲོང་གཉིས་ཀྱིས་སྒོ་མང་གྲྭ་ཚང་ལ་ལོ་རེ་བཞིན་གནམ་ལོ་གསར་ཚེས་ཀྱི་འཚམས་ཞུ་བ་གཏོང་། རྡོ་དཀར་གྱི་སྒོ་ མང་སྡེ་ཁྲོད་དུ་སྒོ་མང་བླ་མ་སོགས་སྐུ་ཚབ་རིམ་བསྐོས་ཀྱིས་བཟུང་བའི་གཞིས་ཆགས། གཞིས་ཀ་འདིའི་མགོན་ཁང་དུ་སྒོ་མང་གྲྭ་ཚང་གིས་གནང་བའི་རྟེན། སྔོན་སྒོ་མང་མཁན་པོ་ཞིག་ལ་ཨ་ཙ་ར་རྫུ་འཕྲུལ་དང་ལྡན་པ་ཞིག་གིས་ཕུལ་ཞིང་མཁན་པོ་དེའི་མཚན་ལམ་དུ་ང་མདོ་སྨད་ལ་འགྲོ་བ་ཡིན་ཞེས་གསུངས་པའི་མགོན་པོ་ཕྱག་དྲུག་པའི་རྡོ་སྐུ་རང་བྱོན་བྱིན་རླབས་ཀྱི་གཏེར་དུ་རྫོགས་པ། རྒྱ་མཁར་དང་ཐུག་དུས་སྙན་དར་འགུལ་བ་དང་རྔ་རང་གྲགས་བྱེད་པའི་ལྟས་བསྟན་པ། རྟེན་གཏོར་ལ་གཏོར་སྤུ་མ་སྐྱེས་ན་ལོ་ཏོག་མི་ལེགས་པ་སོགས་རྟགས་མཚན་མངོན་སུམ་པ་སྟོན་པ་ཞིག་བཞུགས། ཕྱིས་སུ་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོ་མཆོག་དབུས་སུ་ཕེབས་སྐབས་སྒོ་མང་གྲྭ་ཚང་གི་ཐུགས་བཞེད་ལྟར་ས་ཞིང་མི་སེར་གྱི་དོད་གཞུང་ཞུས་བྱས་ནས་སྦྱོར་འཇགས་དང་། དངུལ་རྡོ་ཚད་ཉི་ཤུལ་ཕུལ། དེ་ནས་བཟུང་འདི་ཀའི་དགོན་ཆོས་གཞིས་དང་བཅས་པ་བླ་བྲང་ལ་འཇགས། བླ་བྲང་གིས་དབུ་མཛད་རྒྱ་རམས་ པ། མ་ཁ་ངག་དབང་བསྟན་འཛིན། ཐང་དཀར་ཆོས་གྲགས། མ་ཁ་མཆོག་ལྡན་སོགས་རིམ་པར་བསྐོས་ཏེ་བླ་གཉེར་སྦྲགས་མ་བྱས། ཕྱིས་སུ་རྡོ་དཀར་ཉིན་རྒྱུད་ཀྱི་རུ་སྡེ་དྲུག་ཀྱང་རང་སའི་ལོ་ངོ་བཅོ་བརྒྱད་ལྷག་རིང་གི་འཁྲུག་ལོང་བརྒྱུད་དེ་བླ་བྲང་ལྷ་སྡེ་ཡི་གྲས་སུ་ཞུགས། བྲག་སྒོམ་པ་གོང་མ་བློ་བཟང་ཤེས་རབ་ཀྱི་དབོན་པོ་བློ་བཟང་མཐུ་སྟོབས་སོགས་སེར་སྐྱ་མང་གིས་ཀུན་མཁྱེན་སྐུ་ཕྲེང་གསུམ་པར་ཞུས་ཏེ་ཀུན་རིག་སྐྱོར་རྟ་གསར་སློབ་ལ་དབྱངས་དཔོན་བླངས། འགྲིག་ལམ་ལ་དག་ཐེར་དང་བཅའ་ཡིག་བཞག ཁྲི་བ་ཟུར་བསྐོས་ཀྱི་སྲོལ་ཕྱེས་ཏེ་ཐར་མི་ཆིའི་ཡང་སྤྲུལ་ཁྲིར་བསྐོ་བཞག་གནང་བ་ནས་བཟུང་བླ་རབས་ཟམ་མ་ཆད་པས་བསྐྱངས། འཇམ་དཔལ་མཚན་  བརྗོད་ཚོགས་འདོན་དུ་བཙུགས། རྡུལ་མཚོན་ལ་བརྟེན་པའི་དུས་འཁོར། གསང་འདུས།      འཇིགས་བྱེད། ཀུན་རིག་རྣམས་ཀྱི་སྒྲུབ་མཆོད་གཏོང་ཞིང་། གཞི་གསུམ་གྱི་ཕྱག་ལེན་སོགས་དངོས་གཙང་གནང་། སྤྱིར་དགོན་སྡེ་འདི་ནི་དགེ་ལུགས་པའི་རྒྱུད་གྲྭ་ཞིག་ཡིན་ཞིང་འདིར་བཙུགས་པའི་ཆོ་ག་ཆོས་སྤྱོད། ཐིག་རྡུལ་མཚོན། རིག་གནས་སློབ་གཉེར། མཚམས་བསྙེན་པ།  དབྱར་དགག་གསོ་གསུམ། གཏོར་སྒྲུབ་གཏོར་ཟློག་སོགས་ཀྱིས་མཚོན་པའི་ཆོས་ཐོག་དང་བཤད་སྒྲུབ་ཆོས་སྤྱོད་ཀྱི་ཕྱག་སྲོལ་ཤིན་ཏུ་རྒྱས་ནའང་འདིར་གཙོ་ཆེའི་སྐོར་བཀོད་པ་ནི།
          ཆོ་འཕྲུལ་ཟླ་བར་ཚོགས་སུ་སྐྱབས་འགྲོ་དང་ས་ལམ་སྐབས་གསུམ། ཁྲུས་གསོལ་རྒྱས་པ། སྒོ་མང་མགོན་ཁང་དུ་གསོལ་ཁ་སོགས་གསུངས། ཧོར་ཟླ་གཉིས་པར་གར་འཆམ་གཤར་སྦྱང་དང་སྒྲོལ་མའི་མཎྚལ་བཞི་བ། ཀུན་མཁྱེན་སྐུ་ཕྲེང་བཞི་བ་དང་ལྔ་བའི་གདུང་མཆོད། དུས་འཁོར་ས་ཆོག་གཤར་སྦྱང་བཅས་ཧོར་ཟླ་གསུམ་པར་བྲག་དགོན་པ་བསྟན་པ་རྒྱ་མཚོའི་གདུང་མཆོད།  དུས་འཁོར་ས་གར་དང་ས་ཆོག་དངོས་གཞི། དུས་འཁོར་མཆོད་གར་དང་བདག་འཇུག སྦྱིན་ སྲེག མཚམས་པ་བ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་རྒྱ་མཚོའི་གདུང་མཆོད། ཧོར་ཟླ་བཞི་བར་རྗེའི་སྟོང་མཆོད། སྨྱུང་གནས་བཅས། ཧོར་ཟླ་ལྔ་བར་གནས་བཅུའི་ཕྱག་མཆོད་དང་ལོ་ཏོག་གི་རིམ་གྲོ་མ་ཎི། ཚེས་བཅུ་དྲུག་དང་བཅུ་བདུན་གཉིས་ལ་བཀའ་འགྱུར་གསུངས། ཧོར་ཟླ་དྲུག་པར་དྲུག་པའི་སྨོན་ལམ་ཡར་འཚོགས་ལ་དགེ་བསྐོས་ཀྱིས་དགོན་པའི་བཅའ་ཡིག་འདོན། བྱམས་པ་གླིང་སྐོར་དང་། གསང་འདུས་ས་ཆོག་གི་དངོས་གཞི། གསོ་སྦྱོང་དང་དབྱར་གནས་ཡར་འཚོགས། རྡུལ་མཚོན་ལ་བརྟེན་པའི་གསང་འདུས་བདག་འཇུག་དང་སྦྱིན་སྲེག  མགོན་ཆོས་ལྔའི་གཏོར་སྒྲུབ་བཅས་ཧོར་ཟླ་བརྒྱད་པར་དབྱར་སྟོན་དུས་ལམ་སྐབས་གསུམ་དང་སྐུ་རིམ་རྣམ་གསུམ་སོགས་གསུངས་ཤིང་། དགེ་བསྐོས་སོགས་ལས་སྣེ་གསར་བ་རྣམས་ཁྲིར་ཕེབས། མཚམས་པ་བ་བསྟན་པ་རྒྱ་མཚོའི་གདུང་མཆོད་བཅས་ཧོར་ཟླ་དགུ་བར་ ཀུན་མཁྱེན་སྐུ་ཕྲེང་གསུམ་པའི་གདུང་མཆོད་དང་རྡོ་གཅལ་སྐུ་རིམ། ཀུན་རིག་ཆོ་ག རྡུལ་ཚོན་ལ་བརྟེན་པའི་ཀུན་རིག་བདག་འཇུག་དང་སྦྱིན་སྲེག་བཅས། ཧོར་ཟླ་བཅུ་བར་དགའ་ལྡན་ལྔ་ མཆོད་ལ་ཆོས་སྤྱོད་རྣམ་ཐར་དང་དུས་འཁོར། འཇམ་དཔལ་མཚན་བརྗོད་སོགས་གསུངས་ཤིང་ཚེས་ཉེར་བརྒྱད་ཉིན་ཀུན་མཁྱེན་སྐུ་ཕྲེང་གཉིས་པའི་གདུང་མཆོད་བཅས། ཧོར་ཟླ་བཅུ་གཅིག་པར་མགོན་པོའི་གཏོར་སྒྲུབ་རྒྱས་པ། བྲག་སྒོམ་པ་འཇམ་དབྱངས་བསྟན་པ་རབ་རྒྱས་ཀྱི་གདུང་མཆོད། བསྙེན་མཚམས་བཅས། ཧོར་ཟླ་བཅུ་གཉིས་པར་མཚམས་བསྙེན་པ་དང་སྒོ་མང་མགོན་ཁང་གི་ལོ་གཏོར་སྤོར་བ། སེང་གདོང་མའི་གཏོར་བཟློག མགོན་ཆོས་ལྔའི་གཏོར་སྒྲུབ་བཅས་ཏེ། སྒྲུབ་པ་ཉམས་ལེན་འདི་དག་ནི་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོའི་སྔོན་དུ་ལོ་འཁྱུད་འཁོར་གཅིག་གི་ནང་ལ་ཆག་མེད་ཡིན་ཅིང་ཉམས་སུ་ལེན་པའི་དུས་ཀྱི་ཡུན་ནི་ཉིན་ཉིས་བརྒྱ་ དང་ཉི་ཤུ་རྩ་བདུན་ཡོད། སྡེ་འདིར་དུས་འཁོར་གྲྭ་ཚང་གཅིག་དང་། ཁྲི་བ(བླ་བྲང་བཀྲ་ཤིས་འཁྱིལ་ནས་མངགས)རྡོ་རྗེ་འཛིན་པ། དབུ་མཛད། དགེ་བསྐོས། དཀོར་གཉེར། སྤྱི་བ་གཉིས་ བཅས་ལས་སྣེ་བདུན། འཆམ་ལ་དུས་འཁོར་ས་གར་དང་མཆོད་གར། རིག་གནས་ཕྱོགས་ལ་ཐིག་རྩ་དང་སྨན་རིས་སོགས་སློབ་པའི་སྲོལ་ཡང་ཚུགས།
          སྐུ་གསུང་ཐུགས་ཀྱི་རྟེན་གཙོ་བོའི་སྐོར་ལ། འདུ་ཁང་དུ་ཐུབ་དབང་གི་སྐུ་བྱིན་ཅན་ཆེ་བ་གཅིག རྗེ་ཡབ་སྲས་གསུམ་དང་ཀུན་མཁྱེན་སྐུ་ཕྲེང་ལྔའི་འདྲ་སྐུ། དུས་འཁོར་གྱི་སྐུ་ལི་མ་མི་ཚད་ལོངས་པ་གཅིག་བཅས་ཀྱིས་མཚོན་པའི་འདྲ་སྐུ་ཆེ་ཆུང་རིགས་མང་བོ་བཞུགས་ཤིང་། ཐང་ག་ལའང་ཐུབ་དབང་གི་ཐང་ག་སྟོང་། རྒྱན་དྲུག་མཆོག་གཉིས། གནས་བརྟན་བཅུ་དྲུག་སོགས་ཐང་ག་རིགས་མང་བོ་བཞུགས། གཞན་ཡང་མི་འཁྲུགས་པའི་ལྷ་ཁང་དུ་རྒྱལ་བ་མི་འཁྲུགས་པའི་སྐུ་དབུ་ཙན་དན་ལས་གྲུབ་ཅིང་དཔངས་ལ་ཐོག་ཚད་གཉིས་ལོངས་པ་གཅིག་གིས་གཙོས་འདྲ་སྐུ་དང་ཐང་ག་མང་བོ། བྱམས་ཁང་དུ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་བྱམས་སྐུ་ཆེ་བ་གཅིག ཡང་སྐུ་དང་ཐང་ག་མང་བོ། རྟ་མགྲིན་ལྷ་ཁང་དུ་རྟ་མགྲིན་གཙོ་སྐུར་བཞུགས་པའི་སྒྲོལ་མའི་སྟོང་སྐུ་སོགས་བཞུགས། སྔོན་ཆད་དགོན་འདིའི་གྲྭ་རྒྱུན་ཚེ་མཚམས་པ་བསྟན་པ་རྒྱ་མཚོ་ རི་བོ་རྩེ་ལྔར་ཕེབས་སྐབས་སུ་རྒྱ་མི་ཞིག་གིས་ཁོང་ལ་རྡོ་རྗེ་རྩེ་ལྔ་བ་ཁྲུ་ཚད་ལོངས་པ་ཞིག་བཙོང་བ་ལ་རིན་ཀྱང་སྤྲོད་རྒྱུ་མ་བྱུང་བར་རྒྱ་དེ་གར་སོང་ཆ་མེད་དུ་གྱུར། རྗེས་སུ་ཁོང་གིས་དགོན་འདིར་བཞེངས་པའི་མི་འཁྲུགས་པའི་སྐུའི་ཕྱག་གི་རྡོ་རྗེ་དེ་ནི་སྔར་རི་བོ་རྩེ་ལྔར་ཕྱག་ཏུ་སོན་པའི་ཁྲུ་ཚད་ལོངས་པའི་རྡོ་རྗེ་ལོ་རྒྱུས་དང་ལྡན་པ་དེ་ཡིན། གོང་སྨོས་ཡུལ་འདིའི་སྒོ་མང་སྡེ་ཁྲོད་དུ་བཞུགས་པའི་མགོན་པོ་ཕྱག་དྲུག་པའི་རྡོ་སྐུ་རང་བྱོན་ཡུལ་ཁམས་ཀུན་ཏུ་གྲགས་ཆེ་ཞིང་ལོ་ རྒྱུས་དང་ལྡན་པ་དེའང་དགོན་སྡེ་འདིའི་རྟེན་གྱི་གྲས་སོ། གསུང་གི་སྐོར་ལ་བཀའ་བསྟན་ཚར་རེ་དང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ། གུང་ཐང་བསྟན་པའི་སྒྲོན་མེ་དང་མཛོད་དགེ་ཨ་ཁུ་ཤེས་རབ་རྒྱ་མཚོ་ཚང་གི་གསུང་འབུམ་སོགས་མདོ་སྔགས་རིག་གནས་དང་བཅས་དཔེ་པོཏ་མང་བོ་བཞུགས་ཡང་ཆོས་སྡེ་འདི་ནས་སྔ་ཕྱིར་མཁས་པའི་དབང་བོ་མང་བོ་བྱོན་ནའང་། སྙན་པའི་གྲགས་པ་ཆེས་ཆེར་རྒྱས་པ་ནི་མདོ་སྔགས་ཀྱི་གཞུང་ལ་ཐུགས་གཉེར་མཐར་ཕྱིན་མཛད་ཅིང་མཁྱེན་རབ་ཀྱི་ཀློང་བརྡོལ་པ། སྨན་ རྩིས་ས་དཔྱད་ལ་ཁྱད་པར་དུ་མཁས་ཤིང་མངོན་ཤེས་ལ་ལག་ཐོགས་མེད་པ། མཚན་ལ་དགེ་སློང་ཕུན་ཚོགས་རྒྱ་མཚོར་གསོལ་བ་ཞིག་དང་། ཡང་འཇིགས་བྱེད་བསྙེན་ཆེན་དང་མེ་ཏོག་བཅུད་ལེན་ལ་ཡང་ཡང་བཞུགས་ཤིང་རིག་གནས་ཀྱི་ཕྱོགས་ཀུན་ལ་མཁས་པས། ཀུན་མཁྱེན་སྐུ་ཕྲེང་བཞི་བས་བསྔགས་པ་གནང་བ། མཚན་ལ་བསྟན་པ་རྒྱ་མཚོ་ཐོད་པ་གསོལ་བ་དང་བཅས་ཁོང་རྣམ་གཉིས་བཞུགས།
          ལྷ་ཁང་དང་ནང་ཁག་གི་སྐོར་ལ། ཚེ་མཚམས་པ་བསྟན་པ་རྒྱ་མཚོས་བཞེངས་པའི་མི་འཁྲུགས་པའི་ལྷ་ཁང་། མཚམས་པ་བ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་རྒྱ་མཚོས་བཞེངས་པའི་བྱམས་ཁང་། ཀླུ་འབུམ་ཕྱུག་བྱ་བ་སྦྱིན་བདག་བྱས་ནས་བཞེངས་པའི་ལྷ་ཁང་དང་ བཅས་ལྷ་ཁང་གསུམ། བྲག་དགོན་པ་ཚང་དང་མཚམས་པ་བ་ཚང་། སྡེ་བ་ཚང་། དྲུང་བ་ཚང་ནི་ནང་ཆེན་ཏེ་ནང་ཁག་བཞི་དང་སྤྱི་ཁང་གཅིག་བཅས་ཡོད། དགོན་པ་འདི་རབ་བྱུང་བཅོ་ལྔ་བའི་ཤིང་བྱི་ལོ་ནས་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོའི་བར་སྔ་ཕྱིར་ཧེ་དམག་མཱ་ཆིའི་ཟི་ཧྲོ་ཅོན་ཟེར་བའི་དམག་གིས་ལན་གཉིས་ལ་བརྒྱབ། ལན་སྔ་མར་ཉེས་སྐྱོན་ཆེན་པོ་མ་བྱུང་  མོད། ཕྱི་མར་དགོན་པའི་ལྷ་ཁང་དང་འདུ་ཁང་། ནང་ཁག་དང་གྲྭ་ཁང་མང་བོ་མེར་བསྲེག། ལྷ་རྟེན་དང་མཆོད་རྫས་མང་ཤས་ལ་ཆག་འཇིག་བྱུང་། དེར་མ་ཟད་གྲོང་སྡེའི་ཁང་ཁྱིམ་ཡང་མེར་བསྲེགས་ཤིང་སེར་སྐྱ་མང་བོ་བསད་པས་གནོད་འཚེ་ཚབས་ཆེན་ཐེབས། དེའི་ རྗེས་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོ་ནས་ཁྱི་ལོའི་བར་གྱི་ལོ་ངོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་ལ་གྲྭ་རྒྱུན་ཡང་བརྒྱ་ཕྲག་གཅིག་ལ་ཉེ་བར་འཕེལ་ཞིང་། ལྷ་ཁང་འདུ་ཁང་དང་ལྷ་རྟེན་བསྐྱར་བཞེངས་སོགས་ཀྱི་ཐད་ལ་དར་རྒྱས་སྔར་བས་ཆེ་བ་བྱུང་།