ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཁོ་ཚེ་གུར་སྒར་དགའ་ལྡན་ཆོས་འཕེལ་གླིང་།

སྤེལ་དུས 2018-11-14 ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། མི་གསལ།
            ཁོ་ཚེ་གུར་སྒར་ཏེ་དགའ་ལྡན་ཆོས་འཕེལ་གླིང་ནི་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེད་དབང་བོའི་སྐུ་དུས་ཁོ་ཚེ་ལྷ་སྡེ་གསར་དུ་ཆགས། ཕྱིས་ཆེ་མ་འགྱངས་པ་ནས་སེར་ཁྱིམ་པ་རེ་ཟུང་ཡོད་པ་ལ་སྐུ་ཕྲེང་གསུམ་པས་འཐུ་ཁུམ་ཐང་དུ་ཨརྒེ་གུར་རྒན་ཕུབ་ནས་སེར་སྡེ་ཚུགས་པར་གྲགས་ལ། ཁོང་གི་རྣམ་ཐར་དུའང་ཟུར་ཙམ་གསལ། དེ་ཕྱིས་ཤིག་ནས་ད་ལྟའི་གནས་འདིར་གུར་སྒར་ཆགས་པས་ཁོ་ཚེ་གུར་སྒར་ཞེས་པའི་མིང་ཡང་དེ་ནས་བྱུང་བར་མངོན། རབ་བྱུང་བཅོ་ལྔ་བའི་ཤིང་རྟ(སྤྱི་ལོ༡༨༩༤)ལོར། ཀུན་མཁྱེན་སྐུ་ཕྲེང་བཞི་བ་ཆེན་པོ་ཕེབས་ཐེངས་དང་པོའི་སྐབས་ཧོར་ཟླ་བདུན་པའི་ཚེས་བཅུ་ལ་བདེ་མཆོག་དྲིལ་བུ་ལྷ་ལྔའི་བདག་འཇུག་ཚོགས་འཁོར་སོགས་གནང་། ལྕགས་གླང་ལ་ཕེབས་དུས་ཁོ་ཚེའི་འགོ་གཉེར་གུར་གང་བོ་སོགས་ཐུན་མོང་གིས་ཞུས་ལན་གྱི་བཀའ་བཀོད་ལྟར་ལོ་དེའི་ལྔ་བའི་ཚེས་བཞིར་ས་འདུལ་བྱ་རྒྱུ་དང་། གྲྭ་མང་འཚོགས་དབུས་སུ་ལྷན་ཚོགས་གནང་རྒྱུ་དང་འདོན་ཆའི་སྐོར་བཅས་ཆས་པ་རྒྱ་མཁར་སྐུ་ཞབས་དགེ་འདུན་འཇམ་དཔལ་གྲུབ་པའི་རྡོ་རྗེ་ལ་བཀའ་ཕེབས་བཞིན། དགོན་ས་ ངོས་འཛིན། ས་བརྟག་བསླང་དང་ལྟོ་འཕྱེའི་ཐིག་འདེབས་པ་གནང་། སྲུང་མར་བཙན་རྒོད་ཡམ་ཤུད་དམར་པོ་རང་ཤུགས་ཀྱིས་འགོ་བའི་ལྟས་ཤར། རྟེན་འབྲེལ་ངང་གིས་འགྲིག་ཅིང་སྡེ་གཞུང་གིས་འདུ་ཁང་གསར་བཞེངས་ཀྱི་འགོ་བརྩམས་པ་མ་འགྱངས་པར་གྲུབ། དགུན་བླ་བྲང་རང་ནས་སྐུ་གསུང་ཐུགས་རྟེན་དང་། བདག་འཇུག་གི་གཏོང་ཐེབས་བཅས་སྦྱོར་འཇགས་དང་།   དགོན་པའི་མཚན་ལ་དགའ་ལྡན་ཆོས་འཕེལ་གླིང་ཞེས་བསྩལ་ཅིང་བཅའ་ཡིག་ཕན་ བདེའི་འདབ་བརྒྱ་བཞད་པའི་ཉིན་བྱེད་ཅེས་པ་གསུངས། རི་ཁྲོད་ཡིད་དགའ་ཆོས་འཛིན་ནས(བླ་བྲང་གི་རི་ཁྲོད་ཞོལ་མ)གྲྭ་ཚང་དང་ནང་ཁག་བཅས་ལ་ཆོས་སྤྱོད་ཀྱི་ཡོ་བྱད་དུ་མ་སྦྱོར་འཇགས་བྱེད་དུ་བཅུག དེའི་ཕྱི་ལོར་དབང་ལུང་ཁྲིད་གསུམ་གྱི་གཏེར་མཛོད་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཁྲིའི་ཐོག་མར་ཕེབས། གཞི་གསུམ་གྱི་ཕྱག་ལེན་ཚུགས། ཆོས་འདུལ་བ་དང་མཐུན་པའི་སྒྲིག་ལམ་ཞིབ་ཚགས་པ་མཛད། སྔོན་མ་ཅིག་ལབ་སྒྲོན་ཡུམ་སྲས་གཡའ་རིའི་རྨོག་ལུང་དུ་གཏེར་སྦ་བར་ཕེབས་སྐབས་ཞལ་སྐལ་གྱི་གནས་ཁྱད་པར་ཅན་ཡིན་པས་གཅོད་དབང་ཁྲིད་སྦྱིན་སྲེག་སོགས་ཕྱག་ ལེན་ཞིབ་པར་བསླབས། ཆུ་སྟག་གི་དབྱར། ཀུན་མཁྱེན་ཆེན་པོས་མགོན་པོ་ཕྱག་དྲུག་པ་དང་བཙན་རྒོད་ཡམ་ཤུད་དམར་པོའི་ཞལ་ཐང་དང་བཅས་ དགོན་པའི་སྲུང་མར་གནང་།ཁྲི་བ་བྲག་དཀར་ཞབས་དྲུང་གི་སྐབས་མི་ཤེད་ཅན་འགས་འཐེན་འཁྱེར་གྱིས་དགོན་གནས་ཅོ་ནེ་ཆ་ཐོག་ཟེར་བར་སྤར། དེ་རྗེས་གུང་ཐང་འཇམ་པའི་དབྱངས་རྗེ་བསྟན་པའི་ཉི་མ་བསྐོ་བཞག་གནང་། ཕྱི་ལོར་དགོན་པ་སྔར་གནས་སུ་ཕྱིར་སྤོས་ཏེ་འདུ་ཁང་བསྐྱར་བཞེངས་དང་རྗེ་ཉིད་ ཀྱི་མཚམས་ཁང་ལེགས་པར་གྲུབ་ཟིན། མེ་ཡོས(སྤྱི་ལོ༡༩༢༧)ལོའི་ལོ་མཇུག་ལ་སྐྱབས་མགོན་སྐུ་ཕྲེང་ལྔ་བ་ཆེན་མོ་ཕེབས།ཕྱི་ལོའི་ཆོ་འཕྲུལ་ཟླ་བའི་བཅོ་ལྔའི་གསུང་ཆོས་ལ་ཆོས་སྦྱིན་གྱི་བདུད་རྩིའི་བགོ་སྐལ་ཐོག་མར་བསྩལ། སྐུ་གོང་མའི་གཟིམ་ཆུང་སྒྲུབ་ཁང་དུ་ཕྱག་རྗེས་ཀྱང་བཏབ།རྗེའི་གསུང་བཀོད་ལྟར་ཚོགས་འདོན་ཁ་ཤས་དང་། ཙི་དུང་ཞིབ་ཁྲིད་བྱེད་འཇུག་པ་གནང་། མེ་སྤྲེལ(སྤྱི་ལོ༡༩༥༦)ལོར་གུང་ཐང་སྐུ་ཕྲེང་དྲུག་པ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་གིས་ ཐུགས་ཁུར་མཛད་དེ།འདུ་ཁང་ཞིག་རལ་དུ་འགྱུར་བཞིན་པའི་ར་སྐོར་རུང་ཁང་དང་ བཅས་པ་ནང་ཆེན་རང་གིས་བསྐྱར་བཞེངས་དང་བླ་མ་སེ་ལུ་ཚང་གིས་གསེར་ཚོན་ཕུལ། འདུ་ཁང་བསྐྱར་གྲུབ་ཀྱི་སྟོན་མོར། འཇིགས་བྱེད་དང་གདུགས་དཀར་བྱད་གྲོལ་སོགས་དབང་ལུང་གི་ཆོས་ཆར་ཕབ།
            སྐུའི་རྟེན་ལ།སྐྱབས་མགོན་ཐར་མདོ་རྒྱ་མཚོས་གནང་བའི་གསེར་ཟངས་ལས་གྲུབ་པའི་ཚེ་དཔག་མེད་གསུང་འབྱོན།སྲས་ངག་དབང་བཀྲ་ཤིས་ཀྱི་ཐུགས་དམ་གྱི་རྟེན་གཙོ་ལུང་སྟོན་བྱམས་པའི་ཞལ་ཐང་།བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་ མཚོས་གནང་བའི་མ་ཅིག་སྐུ་བྱིན་ཅན།བྱམས་ཆེན།རྗེ་སྟོང་སྐུའི་གསེར་ཐང་སོགས་བྲིས་འབག་གི་སྐུ་བརྙན་ཤིན་ཏུ་མང་བོ་དང་།བཀའ་འགྱུར་དང་མདོ་སྡེ་བསྐལ་བཟང་གསེར་བྲིས་ཚར་རེ། གཞན་བཀའ་འགྱུར་སྐྱར་དཔར་དང་རྗེ་ཡབ་སྲས། ཀུན་མཁྱེན་ཡབ་སྲས་སོགས་ཀྱི་གསུང་འབུམ་གྲངས་མང་བཞུགས་ཤིང་། རྗེ་གུང་ཐང་སྐུ་ཕྲེང་ལྔ་བའི་གདུང་རུས་ཀྱི་ཆ་ཤས་སོགས་ནང་བཞུགས་ཀྱི་གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་ཕྲ་ཚོམ་ལྡན་པ། སྐྱོར་དཔོན་ཚང་སེ་ལུང་ཚང་གི་གདུང་རྟེན་སོགས་ཐུགས་རྟེན་མི་ཉུང་ངོ་།།
            ལོ་གཅིག་ལ་སྨོན་ལམ་ཉིན་བཅོ་ལྔ་དང་གཅོད། བདེ་མཆོག་གི་སྒྲུབ་མཆོད། དུས་ཚིགས་ བཞིའི་ཆོས་ཐོག་ཐོགས་སྡོམ་ཉིན༡༤༧ལ་ཆོས་སྤྱོད་ལོ་ལྟར་མ་ཆག་པ་བྱ་དགོས།
            སྤྱིར་ཁོ་ཚེ་འདིར་ཞང་སྟོན་བསྟན་པ་རྒྱ་མཚོ། ཟམ་ཚ་གསེར་ཁྲི། གུང་ཐང་སྐུ་ཕྲེང་ལྔ་བ་སོགས་སྐྱེས་ཆེན་ཁ་ཤས་འཁྲུངས་ཤིང་།གཞན་བཙན་པོ་དོན་གྲུབ་རྒྱ་མཚོ་དང་རྭ་བསོད་ནམས་དབང་རྒྱལ།ཀིརྟི་བློ་བཟང་འཕྲིན་ལས་གསུམ་འཁྲུངས་ཡུལ་ཆོ་ཧོར་ཡིན་ཀྱང་སྐུ་ན་ཕྲ་དུས་ཁྱིམ་ཚང་ཁོ་ཚེར་བླངས་ཏེ་སྐུ་ནར་སོན་ཚུལ་ཀུན་མཁྱེན་གསུམ་པའི་རྣམ་ཐར་དུ་གསལ་བ་ལྟར་དམ་པ་དུ་མས་བྱིན་གྱིས་བརླབས་པའི་ཡུལ་ཞིག་གོ
            འདུ་ཁང་།བཙན་ཁང་།སློབ་དཔོན་ལྷ་ཁང་བཙུགས་ཤིང་རྭ་བས་བསྐོར་བ་དང་།གུང་ཐང་ཚང་།སྐྱོར་དཔོན་ཚང་།དབལ་མང་ཆུང་བ་ཚང་གསུམ་གྱི་གཟིམ་ཁང་ཡོད་པར་སོ་སོར་རྟེན་གསུམ་གྲངས་མི་ཉུང་ངོ་།།  ༡༩༨༥ལོར་གྲྭ་བ༡༥༠བཞུགས་ཡོད་པ་འདྲ།