ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

འབྲུག་མཚོ་དགོན།

སྤེལ་དུས 2018-12-29 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། རྣམ་དཀར་ལྷ་མོས་བྲིས།
           ཁྲེན་ཏུའུ་གྲོང་ཁྱེར་ལ་མཚོན་ན་ཀྲུང་གོའི་ས་གཞི་ཆགས་ཚུལ་ཀྱི་ཁྲོད་ནས་ལྷོ་ནུབ་ས་ཁུལ་གྱི་གཤོང་ས་ཞིག་ཏུ་འཁེལ་ཡོད་ལ། ས་གནས་འདིར་གནའ་སྔ་མོ་ནས་བཟུང་ཞིང་ལས་ཤིན་ཏུ་དར་ཆེ་བའི་ས་ཆ་ཞིག་ཡིན་ལ། ཀྲུང་གོའི་ལོ་རྒྱུས་སུའང་ས་འདི་གའི་འབྲུ་རིགས་དང་རྒྱུ་འབྱོར་ལ་རྒྱས་བཤད་གང་མང་གནང་འདུག དེ་ཡང་དགོན་པ་ཡོད་ས་ན་སྦྱིན་བདག་དགོས་པ་དེ་ཉ་ཡོད་ས་ན་ཉ་དེ་གསོ་བྱེད་ཀྱི་ཆུ་བོ་ངེས་པར་དགོས་པ་ནང་བཞིན་གནས་འདིར་ཆོས་ལུགས་དར་སྔ་བ་ཡང་འདི་གའི་འབྱོར་ཕྱུག་དང་འབྲལ་ཐབས་མེད། ཀྲུང་གོའི་ལྷོ་ནུབ་ས་ཁུལ་ལ་མཚོན་ན་ཁྱིམ་མཚེས་ཝེད་ནམ་དང་ཐེ་ལན་དི་སོགས་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེས་ཆེར་ཐེབས་པའི་ས་ཁུལ་ཡིན་ལ། ནུབ་ཕྱོགས་དེ་བས་ཀྱང་སྨྲ་མི་དགོས་པར་རང་ཅག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་འབོད་པའི་གངས་ཅན་ལྗོངས་ཡིན། དེ་བས་ནང་ལོགས་ཀྱི་གྲོང་ཁྱེར་དག་དང་བསྡུར་ན་ནང་ཆོས་དར་སྔ་ཤོས་དང་རྒྱུགས་ཆེ་བ་དེ་བས་ལོས་ཡིན་སྙམ།
           དེ་རིང་ངས་ཀློག་པ་པོ་དག་ལ་ངོ་སྤྲོད་བྱ་འདོད་པའི་དགོན་པ་དེ་ཁྲེན་ཏུའུ་གྲོང་ཁྱེར་གྱི་བྱང་ཤར་གྱི་ཟུར་དུ་ཡོད། དགོན་པ་དེའི་མཚན་ལ་འབྲུག་མཚོ་དགོན་ཟེར། ང་རང་ནམ་རྒྱུན་དང་འདྲ་བར་ངལ་གསོ་དུས་ཚོད་བེད་སྤྱད་ནས་ཆེད་དུ་དགོན་པ་འདིར་མཇལ་སྐོར་རམ་ཡུལ་དངོས་རྟོག་དཔྱོད་དུ་ཕྱིན་པ་ཡིན། ཡིན་ཡང་འགྲོ་དུས་ཅུང་ཙམ་འཕྱི་སོང་བའམ་གང་ཡིན་མི་ཤེས་མོད། དགོན་པའི་ཁྱམས་ར་ན་ཙད་པར་གཞོལ་བའི་ཞི་ལ་ཞིག་ལས་མི་མཐོང་མ་སོང་། འདི་ཡང་རང་ཉིད་ལོ་ངོ་གཅིག་གི་རིང་ལ་དགོན་པའི་ཡུལ་སྐོར་ཟིན་ཐོ་འབྲི་འགོ་བརྩམས་པ་ནས་བཟུང་འཕྲད་མ་མྱོང་པའི་གནས་ཚུལ་ཞིག་རེད། གཡས་སྐོར་ཞིག་བྱས་ཏེ་དགོན་པའི་ལྷ་ཁང་དང་མཆོད་ཁང་བརྒྱུད་ནས་ང་རང་ཡང་བློ་མི་བདེ་བ་ཞིག་གི་སྒོ་ནས་ཏབ་ཏབ་པོར་སྒོར་བུད། དེ་བས་འབྲུག་མཚོ་དགོན་གྱི་ལོ་རྒྱུས་བྱུང་བ་དེ་དང་དེའི་ཁྱད་ཆོས་གང་ཡིན་སྐོར་གྱི་རྒྱུ་ཆ་ཏོག་ཙམ་ཡང་རག་མ་སོང་། སྔོན་ཆད་ལྟ་བུ་ཡིན་ན་དགོན་པར་མཇལ་སྐོར་ཐེངས་ཤིག་བྱས་ཏེ་ཉེ་འཁོར་གྱི་དད་ལྡན་པ་དག་ལས་གནས་ཚུལ་རྒྱུས་ལོན་རེ་བྱས་རྗེས་གང་ཞིག་འབྲི་རྒྱུ་ཡོད་མོད། ད་ཐེངས་ལག་ཡོང་ཅི་ཡང་མེད་པ་ཞིག་ཏུ་གྱུར། ཡིན་ཡང་མིག་ལམ་དུ་དགོན་པ་གཞན་དག་ལས་མཐོང་མ་མྱོང་བའི་རྒྱ་གར་ཕྱི་རོལ་བའི་ལུགས་སུ་བཞེངས་པའི་ལྷ་སྐུ་དེ་ཡང་ཡང་མིག་ལམ་དུ་འཆར།
           དགོན་པའི་ཉེ་འཁོར་དུ་མཚོ་རྫིང་ཞིག་ཡོད་ལ། དེའི་འགྲམ་དུ་ཇ་འཐུང་ས་མང་པོ་འདུག སྡོང་ལོའི་བསིལ་ཟེར་འོག་ན་རྣམ་གཡེང་དང་ཉབ་ཉོབ་ཀྱིས་ཁེངས་པའི་རྒན་རྒོན་ལོ་ལོན་དག་གཡས་རྐྱང་གཡོན་བསྐུམ་གྱིས་རང་རང་ས་ན་ཧད་འདུག དམིགས་ཡུལ་ལྟར་དགོན་པའི་སྐོར་གྱི་དྲི་བ་འགའ་རེ་འདྲི་འདོད་སྐྱེས་མོད། ཁོ་ཚོའི་ཤབ་ཤུབ་ཀྱི་སྐད་ཆ་དག་ལ་ཉན་དུས་གོ་བརྡའང་བདེ་མོ་ཞིག་འཕྲོད་ས་མ་རེད། དེ་ཀྱག་ཀྱོག་གི་སྲང་ལམ་དག་བརྒྱུད་ནས་རིམ་བཞིན་གནས་དེ་དང་ཁ་གྱེས་ནས་ས་སྲོད་ཀྱི་དུས་སུ་ཁྱིམ་དུ་ལོག
           བསྟུད་མར་ཉིན་འགའ་ཤས་ལ་འབྲུག་མཚོ་དགོན་གྱི་ལོ་རྒྱུས་ཡིག་ཆ་དང་འབྲེལ་ཡོད་ཆ་འཕྲིན་དག་བསྡུ་སྒྲིག་བྱས། བསྡུ་སྒྲིག་བྱས་པའི་གོ་རིམ་ཁྲོད་ནས་ངོ་མཚར་བའི་གཏམ་རྒྱུད་གང་མང་དང་འཕྲད་མྱོང་ལ། དེའི་ཁྲོད་དུ་ངག་རྒྱུན་དང་ལྷ་སྒྲུང་། དམངས་ཁྲོད་གཏམ་རྒྱུད་སོགས་འདུས། དེ་བས་བདག་གིས་ཀྱང་དེ་དག་ལས་དག་སྒྲིག་དང་གདམ་ག་གྲ་དག་ཅིག་བྱས་ནས་དགོན་པའི་གནས་ཚུལ་མདོར་བསྡུས་ཤིག་གཏམ་རྒྱུད་ཀྱི་ལམ་ནས་འཆད་པར་བྱ།
           ཚང་མས་ཤེས་གསལ་ལྟར། ཧན་རྒྱལ་རབས་ཀྱི་དུས་མཇུག་ཏུ། རྒྱལ་ཁབ་གསུམ་གྱི་འཁྲུག་རྩོད་བྱུང་ནས་སྐབས་དེའི་གནམ་འོག་ཆ་གསུམ་ལ་བགོས། ལྷོ་ནུབ་ཀྱི་ཡུལ་འདི་ཧན་རྒྱལ་རབས་གྱི་རྒྱལ་པོའི་ཨ་ཁུ་ལིའུ་པེ་(刘备)ཡི་མངའ་ཁོངས་ཡིན་ལ། ད་ལྟའི་སྤོས་ལྡན་གྲོང་ནས་མངའ་བདག་མཛད་ནས་ལོ་ངོ་དུ་མར་ས་གནས་འདིའི་སྲིད་འབྱོར་རིག་གསུམ་ལ་ཁ་ལོ་བསྒྱུར། ད་ལྟ་ནས་ཡར་བརྩིས་ན་ལོ་ངོ་1700ཡས་མས་ཀྱི་ཡར་སྔོན་དུ་འཁེལ་ཡོད་ལ། ཧྲུའུ་ཧན་རྒྱལ་ཁབ་ཀྱི་རྒྱལ་སྲས་ལིའུ་ཁྲན་(刘禅)ནམ་རྒྱུན་དམག་སྦྱོང་བརྡར་བྱེད་པར་ཕྱི་རོལ་དུ་འགྲོ་བཞིན་ཡོད། དབྱར་དྲུག་པའི་ཉི་མ་ཀླད་ནས་ཤར་དུས། ཚ་བས་མ་བཟོད་པར་ད་ལྟའི་འབྲུག་མཚོ་དགོན་འདིའི་ཉེ་འཁོར་ཞིག་ནས་ཆུ་ཞིག་འཐུང་འདོད་མོད། མདུན་ན་གྲོང་པ་མེད་ལ་རྒྱབ་ན་ཁྱིམ་པ་ཡང་མེད་པས་ཅི་བྱ་ཐབས་མེད་དུ་གྱུར། དེ་དུས་ཁོའི་སྲུང་དམག་ཅིག་གིས་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་བའི་ཕ་གའི་རི་གསེབ་ན་རྒྱ་ཕིབས་ཤིག་ཡོད་པ་མཐོང་། གནས་དེར་ཐོན་དུས་ལྷ་ཁང་ཆུང་ཆུང་ཞིག་ཡིན་ལ། གནས་དེ་ནས་ཟས་སྐོམ་བསད་རྗེས་དངུལ་སྲང་གི་སྦྱིན་པ་གྱ་ནོམ་པ་བཏང་། ཁོ་ཚོ་འགྲོ་གྲབས་བྱས་པའི་མཚམས་སུ། ལྷ་ཁང་གི་མདུན་རིའི་དེའུ་འབུར་སྒང་ན་མཚོ་རྫིང་ཆུང་ཆུང་ཞིག་ཡོད་པ་མཐོང་། མཚོ་རྫིང་དེ་དྭངས་ཤིང་གསལ་ལ་སྟེང་ནས་བལྟས་ན་ཞབས་མཐོང་བ་ཞིག་ཏུ་ཆགས་འདུག རྒྱལ་སྲས་ལིའུ་ཁྲན་གྱིས་ཚུལ་དེ་མཐོང་ནས་དེ་མར་ལྡིང་ནས་ཁྲུས་བྱས། སྤོས་ལྡན་གྲོང་ལ་བྱོན་མྱོང་མཁན་ཞིག་ཡིན་ན། དབྱར་དྲུག་པའི་ནང་གི་ཚ་བ་དེ་ཅི་འདྲའི་གདུག་རྩུབ་ཆེ་ལ་བཟོད་དཀའ་བ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར། སྐབས་དེའི་རྒྱལ་སྲས་ལིའུ་ཁྲན་གྱི་སེམས་ཁམས་ཡང་དེ་དང་དེ་བཞིན་ལོས་ཡིན།
           སྤྱི་ལོ་223ལོ་སྟེ་ཧྲུའུ་ཧན་རྒྱལ་ཁབ་ཀྱི་རྒྱལ་པོ་ལིའུ་པེ་སྐུ་མྱ་ངན་ལས་འདས་དེ་རྒྱལ་སྲིད་རྒྱལ་སྲས་ལིའུ་ཁྲན་ལ་གཏད། འབྲུག་མཚོའི་ཉེ་འཁོར་གྱི་ཡུལ་མི་དག་གིས་དུས་དེ་ནས་བཟུང་མཚོ་རྫིང་དེའི་མིང་ལ་འབྲུག་མཚོ་ཞེས་བཏགས་ཤིང་། མཚོ་རྫིང་འགྲམ་ན་སྔོན་ཆད་རྒྱལ་སྲས་ལིའུ་ཁྲན་བསྡད་མྱོང་བའི་ས་འབུར་དེ་ཡི་མིང་ཡང་རྒྱལ་སྲས་ས་འབུར་ཞེས་ཀུན་ལ་ཁྱབ་པར་གྱུར། རྗེས་སུ་ལིའུ་ཁྲན་གྱིས་སྔོན་ཆད་དབྱར་གྱི་ཚ་བ་དང་སྐོམ་གདུང་སེལ་བའི་མཚོ་རྫིང་འགྲམ་གྱི་ལྷ་ཁང་ལ་དྲིན་གཟོ་ཚུལ་དུ་ལྷ་ཁང་དེ་ཧྲུའུ་ཧན་གོང་མ་ཚང་གི་མཚུན་ཁང་དུ་བྱས་ཤིང་། རེ་ཞིག་དར་རྒྱས་བྱུང་མོད། ཧྲུའུ་ཧན་རྒྱལ་ཁབ་འཇིག་པ་དང་ལྷན་དུ་གོང་མའི་མཚུན་ཁང་ཡང་མེད་པར་བཟོས།
           རྒྱལ་ཁབ་གསུམ་གྱི་འཁྲུག་རྩོད་སྟོབས་ལྡན་གྱི་ཅིན་རྒྱལ་ཁབ་ཀྱིས་གཅིག་གྱུར་བྱས་ཤིང་། ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་ལ། ནང་ལོག་ས་ཁུལ་ཏུ་དམག་འཁྲུག་དང་ནད་ཡམས། མུ་གེ་སོགས་ཀྱི་འཇིགས་པ་དུ་མ་བྱུང་། ཅིན་རྒྱལ་ཁབ་ཀྱི་བརྟན་འཇགས་ཀྱི་སྲིད་ཇུས་ཀྱིས་སྐབས་དེ་དུས་བག་ལ་ཉལ་བའི་རིག་གནས་དག་ཀྱང་དཔྱིད་དུས་འཁྱག་པས་བསྡམས་པའི་ས་གཞི་བཞིན་དྲོད་ཅིག་རྒྱས། སྐབས་དེ་དུས་ནང་པའི་ཆོས་ལུགས་ཀྱང་རིམ་བཞིན་ས་ཁུལ་སོ་སོ་ནས་ཡལ་འདབ་རྒྱས་ཤིང་། དེ་དུས་སུ་འབྲུག་མཚོ་འགྲམ་གྱི་ཆག་རལ་གྱི་ལྷ་ཁང་དེ་ཡང་འབྲུག་མཚོ་དགོན་ལ་བསྒྱུར་ནས་ཚོགས་ཆེན་འདུ་ཁང་དང་སྤྱན་རས་གཟིགས་ཀྱི་ལྷ་ཁང་། ལྷ་དབང་གི་ལྷ་ཁང་སོགས་ལྷ་ཁང་དུ་མ་བཞེངས། ཐང་རྒྱལ་རབས་ཀྱི་དུས་སུ་སླེབས་དུས་སངས་རྒྱས་ཆོས་ལུགས་དར་བའི་དུས་ཡིན་ལ། དེ་དུས་ད་གཟོད་འབྲུག་མཚོ་དགོན་འདི་ནང་པའི་དགོན་སྡེ་ཡིན་པ་གཏན་འཁེལ་བྱས་ཤིང་ད་བར་དུ་ལོ་ངོ་1300ལྷག་ཟིན་འདུག
           མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་དམག་འཁྲུག་གི་ཁྲོད་ནས་དགོན་པར་གཏོར་བརླག་ཚབས་ཆེན་ཐེབས་ཤིང་། ཆིན་རྒྱལ་རབས་ཀྱི་ཆན་ལུང་ཁྲི་ལོ་བཞི་པའི་སྐབས་སུ། དགོན་པར་མུའུ་200ལྷག་གི་དགོན་ས་གནང་ནས་དར་རྒྱས་ཕུན་ཚོགས་བྱུང་། བར་སྐབས་ཤིག་ལ་གྲྭ་པ་ཡང་ཤིན་ཏུ་མང་ལ་ཉེ་འཁོར་མི་དག་གིས་དགོན་པའི་མདུན་གྱི་རི་བོ་དེ་ལ་ཧྭ་ཤང་རི་ཞེས་འབོད་ཀྱིན་འདུག དེ་བས་དུས་ཡུན་རིང་པོ་འགོར་རྗེས་མང་པོ་ཞིག་གིས་འབྲུག་མཚོ་དགོན་ཆེན་ཞེས་འབོད་བཞིན་ཡོད་ལ། འགའ་ཞིག་གིས་ངག་རྒྱུན་ལྟར་འབྲུག་མཚོ་གོང་མའི་དགོན་ཡང་ཟེར་བཞིན་འདུག
           1923ལོ་སྟེ། མིན་གོའི་སྐབས་སུ། ལས་དབང་ལ་ཆགས་འཇིག་ཆེ་བའི་འབྲུག་མཚོ་དགོན་འདི་སློབ་ཆུང་ཞིག་ཏུ་བསྒྱུར་བཀོད་བྱས་ཤིང་། མཚན་ལ་ལུང་ཞིན་གྲོང་རྡལ་སློབ་ཆུང་ཟེར། 1948ལོར་ཧྭ་ཡང་གི་དགེ་འོས་སློབ་གྲྭ་གནས་འདིར་སྤར་ནས་དགེ་འོས་སློབ་གླིང་ཞིག་ཏུ་གྱུར། བཅིངས་འགྲོལ་གྱི་རྗེས་སུ། དགེ་འོས་སློབ་གྲྭ་གནས་སྤོར་བྱས་ཤིང་། ཡང་བསྐྱར་ས་གནས་དེ་ནས་སློབ་ཆུང་བཙུགས། སློབ་ཆུང་དེའི་མིང་ལ་འབྲུག་མཚོ་ལྟེ་བའི་སློབ་ཆུང་ཟེར་ཞིང་། ད་ལྟའི་འབྲུག་མཚོ་སློབ་ཆུང་ཟེར་བ་དེ་ཡི་སྔོན་མ་ཡིན། 1995ལོར་སློབ་ཆུང་སློབ་ཁུལ་གསར་པར་གནས་སྤོར་བྱས་ཤིང་། ལོ་ངོ་72ལྷག་གི་རྗེས་སུ་ཡང་བསྐྱར་ཆོས་སྒོ་ཕྱེ་ཞིང་བསྟན་པའི་མེ་རོ་གསོས།
           འབྲུག་མཚོ་དགོན་འདི་ཡང་གནའ་དགོན་གཞན་དག་དང་འདྲ་བར་ངོ་མཚར་བའི་འདས་སོང་དང་གནམ་གྱི་ས་བཀབ་པ་ལྟ་བུའི་མཁས་པའི་ཁྱུ་མཆོག་དུ་མ་འཁྲུངས་ཡོད་ལ། དད་འདུན་པ་ཤིན་ཏུ་དྲག་ལ་རྒྱུ་ནོར་གྱི་སྦྱིན་པ་རབ་ཏུ་སྨིན་པའི་ཡོན་བདག་ཀྱང་ཡོད་སྲིད་མོད། ལོ་རྒྱུས་ཀྱི་ཆགས་འཇིག་ལན་མང་བྱུང་ཞིང་རེ་དར་རེ་རྒུད་ཀྱི་ལས་དབང་རྒོད་པོས་ངོ་མཚར་བའི་ལོ་རྒྱུས་དེ་དག་མཁའ་ལས་ཡལ་ནས་མོག་མོག་ཏུ་གྱུར། ཀུན་གྱི་བཤད་ན་ནམ་རྒྱུན་དུས་ཆེན་གྱི་སྐབས་སུ་མཆོད་འབུལ་བྱེད་མཁན་ཅུང་མང་ཞེས་བཤད་ལ། ཁེ་ཅ་རིགས་(客家族)ཀྱི་ཤར་རིའི་ཆོས་ར་ལྔ་ལས་གཏོར་སྐྱོན་དང་ཉམས་རྒུད་དུ་གྱུར་བ་ཆེས་ཚབས་ཆེ་ཤོས་སུ་གྱུརའདུག སྤོས་ལྡན་གྲོང་གི་བྱང་སྒྱུར་ཆེན་པོའི་སྐབས་སུ་ཡང་འབྲུག་མཚོ་དགོན་ཉེ་འཁོར་སུ་འཛུགས་སྐྲུན་རྒྱ་ཆེར་སྤེལ་ཤིང་། ད་ལྟའི་དུས་འདིར་གནས་དེར་ཚོང་ར་དང་སྤྲོ་གསེང་གླིང་ཆེན་པོ་གང་མང་འཛུགས་སྐྲུན་བྱེད་བཞིན་འདུག དེ་ལས་ཀྱང་མི་འགྱངས་པར་ས་འོག་ལྕགས་ལམ་ཡང་གནས་འདི་ནས་འབབ་ཚིགས་བཟོ་རྩིས་ཡོད་པས། མཇལ་བ་དག་ལ་སྟབས་བདེ་ཡག་པོ་བཟོས་འདུག
           ད་ལྟ་འབྲུག་མཚོ་དེ་མཚོ་མིན་ལ། འབྲུག་མཚོ་དགོན་ཡང་དེ་བཞིན་དུ། ཡིན་ཡང་དགུང་ལ་ཟུག་པའི་ཁང་བརྩེགས་མཐོན་པོ་དག་གི་བར་ན་གྱང་ལྡེབས་དམར་པོས་སྐོར་བའི་རྫ་གཡམ་དང་ཤིང་ལས་གྲུབ་པའི་ཁང་པ་དེ་དག་ས་གནས་འདིའི་ཡུལ་ལྗོངས་མཛེས་ཤོས་སུ་གྱུར་ཡོད་ལ། སྤོས་རྐང་གཅིག་སྒྲོན་ནས་མཆོད་པ་བགྱིས་ཏེ་སེམས་པ་འདི་གད་དོར་ཅིག་བྱ་ཆོག འབྲུག་མཚོ་དགོན་ད་དུང་གནས་ཡོད་ལ། འབྲུག་མཚོའི་གཏམ་རྒྱུད་ཀྱང་ཉམས་པ་མེད་པར་མུ་མཐུད་དུ་གནས་ངེས།