ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

རྩེར་སོན་གསུམ་གྱིས་བརྒྱན་པའི་མཆོད་འོས་དགོན།

སྤེལ་དུས 2019-01-09 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། རྣམ་དཀར་ལྷ་མོས་བྲིས།
           ལོ་འགའི་ཡར་སྔོན་དུ། ང་རང་ད་དུང་སློབ་ཆེན་གྱི་སློབ་མ་ཞིག་ཡིན། ངེད་ཅག་གི་འཛིན་གྲྭ་དེ་འཛིན་གྲྭ་གཞན་དང་བསྡུར་ན་མཐུན་སྒྲིལ་ཆེ་ལ་ལྷག་པར་དུ་རྩེད་མོ་རྩེ་རྒྱུ་དང་སྤྲོ་གསེང་ལ་འགྲོ་རྒྱུར་ཤིན་ཏུ་དགའ་བའི་འཛིན་གྲྭ་ཞིག་ཡིན། དེ་བཞིན་སློབ་ཆེན་འགྲིམ་པའི་ལོ་ངོ་བཞི་ཡི་རིང་ལ་ངེད་ཅག་སྤོས་ལྡན་གྲོང་གི་སྤྲོ་གསེང་དང་འཆམ་འཆམ་བྱེད་ས་སྐྱིད་པོ་གང་མང་ཞིག་ཏུ་ལྷན་འཛོམས་དང་མཐུན་སྒྲིལ་ལ་ཁ་གཡར་ནས་སྦི་རག་དང་ཧབ་ཆའི་ཞབས་རྗེས་བཞག་མྱངས། ལོ་རིམ་གང་གི་སྐབས་ཡིན་པ་བརྗེད་སོང་མོད། ཕལ་ཆེར་དཔྱིད་འགོ་ཞིག་ལ་བབས་ཡོད་པ་འདྲ། ངེད་ཚང་གི་འཛིན་གྲྭས་གཟའ་མཇུག་གི་ཉིན་གཅིག་བེད་སྤྱད་ནས་སློབ་གྲྭ་དང་བར་ཐག་ཉེ་བའི་རྟ་རྫི་རི་བོའམ་རྒྱ་སྐད་དུ་མོས་མཱ་ཧྲན་(牧马山)ཟེར་བའི་རི་ཆུ་ནགས་གསུམ་ཤིན་ཏུ་མཛེས་པའི་གཞིས་མིན་སྤྲོ་ཁང་ཁུལ་ཞིག་ལ་སོང་ཏེ་བསྲེགས་ཟས་ཟ་བར་བརྩམས། ཕྱི་དྲོའི་དུས་སུ་ངས་བསྲེགས་ཟས་རན་པ་ཞིག་ཟོས་རྗེས་གྲོགས་པོ་འགའ་དང་མཉམ་དུ་རྟ་རྫི་རི་བོའི་འཁོར་ར་ཁོར་ཡུག་ཀུན་ལ་འཆམ་འཆམ་བྱེད་རྒྱུའི་གྲོས་ཁ་འཆམ། དེ་དུས་ངས་མཆོད་འོས་དགོན་འདིར་མཇལ་བའི་བསྐལ་པ་ཐོབ་བྱུང་ལ་མཆོད་སྦྱིན་དང་མཇལ་སྐོར་དུ་ཕེབས་མཁན་མང་པོ་མེད་མོད། དགོན་པའི་གནའ་ཉམས་དོད་པའི་འཛུགས་སྐྲུན་གྱིས་ངའི་བློ་སེམས་བཀུག་སོང་། ཡིན་ཡང་ཆར་པ་ཆུང་ཆུང་ཞིག་གིས་ངེད་ཅག་དེད་ནས་མྱུར་བར་སྔོན་གྱི་གནས་དེར་མི་འགྲོ་ག་མེད་དུ་གྱུར་སོང་།
           སློབ་མཐར་ཕྱིན་རྗེས་ང་རང་ཁོམ་པ་རེ་བྱུང་ཚེ་སྤོས་ལྡན་གྲོང་གི་ཉེ་འཁོར་གྱི་དགོན་སྡེ་དག་ལ་མཇལ་སྐོར་དུ་འགྲོ་རྒྱུ་དེ་ཕལ་ཆེར་གོམས་གཤིས་ཤིག་ཏུ་ཆགས་ཡོད་ལ། ལྷག་པར་ཐེངས་རེར་བརྗེད་ཐོའམ་རང་ཉིད་ཀྱི་ཉིན་དེའི་ཚོར་བ་མཚོན་པའི་ཟིན་ཐོ་འགའ་རེ་འབྲི་རྒྱུར་དགའ། ལོ་སར་ཕྱིར་འཁོར་གྱི་གཟའ་མཇུག་དེར་ང་དང་གྲོགས་པོ་འགའ་དང་གྲོས་བྱས་ནས་མཉམ་དུ་ལོ་སར་གྱི་ཚུལ་དུ་སྤྲོ་གསེང་ལ་ཐེངས་གཅིག་འགྲོ་རྒྱུ་བྱས་མོད། གང་ལ་འགྲོ་རྩིས་ཀྱི་སྐོར་ནས་ལབ་རྒྱུ་ཡག་པོ་ཞིག་མི་འདུག ཉིན་དེའི་གནམ་གཤིས་དང་བསྟུན་ནས་ངེད་ཅག་གིས་རྟ་རྫི་རི་བོར་ལྷོད་གཡེང་བྱེད་ཞོར་མཆོད་འོས་དགོན་ལ་མཇལ་སྐོར་བྱ་རྒྱུ་ཐག་གིས་བཅད།
           མཆོད་འོས་དགོན་ནི་ཁྲེན་ཏུའུ་གྲོང་ཁྱེར་ཧྲོང་ལུའུ་ཆུས་ཏུང་ཧྲིན་གྲོང་རྡལ་གྱི་རྟ་རྫི་རི་བོའམ་མོའུ་མཱ་ཧྲན་རི་ཁུལ་གྱི་རི་ལྡེབས་ཤིག་ཏུ་ཆགས་ཡོད་ལ། ཁྲེན་ཏུའུ་གྲོང་ཁྱེར་གྱི་དཀྱིལ་དབུས་ནས་སྤྱི་ལེ་14འགྲོ་དགོས། དགོན་པའི་ཉེ་འཁོར་དུ་མཚོ་བོད་མྱུར་བགྲོད་གཞུང་ལམ་དང་ཁྲེན་གཡག་མྱུར་བགྲོད་གཞུང་ལམ་གྱིས་བསྐོར་ཡོད་ལ། དགོན་པ་དང་སྤྱི་ལེ་6གི་མཚམས་སུ་ཁྲེན་ཏུའུ་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་ཡོད་ལ། དེ་བས་ཀྱང་དགོན་པའི་ཉེ་འགྲམ་དུ་ཁྲེན་ཏུའུ་གྲོང་ཁྱེར་གྱི་མིང་དུ་གྲགས་པའི་སྤྲོ་གསེང་ཁུལ་རྟ་རྫི་རི་གྲོང་དང་། ལྷོ་ནུབ་ཉི་ཟླའི་གྲོང་། རྒྱལ་སྤྱིའི་ཀོར་ཧྥོ་སྤོ་ལོ་ར་བ་སོགས་ཁྱད་མཚར་གྱི་གནས་དུ་མས་བསྐོར་བས་འགྲོ་ལམ་དང་གནས་མལ་སོགས་གང་ནས་བལྟས་ཀྱང་སྟབས་བདེ་འདུག
           མཆོད་འོས་དགོན་ནི་ལྷོ་རྒྱལ་རབས་སྐབས་ཀྱི་ལིང་རྒྱལ་ཁབ་ཀྱི་དུས་ཏེ་སྤྱི་ལོ་502ནས་519བར་སྐབས་ཤིག་ཏུ་བཏབ་པ་ཡིན་ལ། 《 ཧྲོང་ལུའུ་རྫོང་གི་ལོ་རྒྱུས་དཀར་ཆག》ཏུ་མཆོད་འོས་དགོན་ནི་རྫོང་ཁུལ་འདིའི་དགོན་སྡེ་ཆེས་སྔ་ཤོས་ཡིན་ཞེས་བརྗོད་འདུག ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཞི་ཙུང་གི་སྐབས་སུ་ཧོང་ཁྲོ་དུས་ཟིང་བྱུང་ནས་འོས་ལངས་དམག་གིས་ཁྲང་ཨན་བཅོམ་ཞིང་། ཐང་གི་རྒྱལ་པོ་ཐང་ཞི་ཙུང་ཧྲུའུ་ཁུལ་ཏེ་ད་ལྟའི་ཁྲེན་ཏུའུ་ས་ཆ་འདིར་བྲོས་བྱོལ་བྱས་ནས་གནས་སྐབས་ཙམ་ལ་སྦས་བསྐུང་བྱས་ཤིང་། དེ་དུས་ཁྲེན་ཏུའུ་ས་ཆའི་ནང་པའི་དགོན་སྡེ་མང་པོ་ཞིག་གིས་གོང་མ་ཚང་ལ་མཐུན་རྐྱེན་གང་མང་བསྒྲུབས་པ་ཡིན་ལ། དེའི་ཁྲོད་དུ་བྱམས་ཆེན་ཆོས་རྗེ་དགོན་དང་སྤོས་ལྡན་དགོན། ནོར་བུའི་འོད་ཀྱི་དགོན་སྡེ་སོགས་ཡོད་ལ། མཆོད་འོས་དགོན་པས་ཡང་ཉིན་དུ་མར་གོང་མ་ཐང་ཞི་ཙུང་ལ་མཐུན་རྐྱེན་གང་ལེགས་བསྒྲུབས། ཐང་ཞི་ཙུང་གིས་དགོན་གྲྭ་འདིར་མཆོད་འོས་དགོན་ཞེས་སྒོ་བྱང་བསྩལ། དེ་ཡང་མཚན་འདི་ཅི་ལྟར་བཏགས་པའི་སྐོར་ལ་བཤད་རྒྱུན་གང་མང་ཡོད་མོད། 《 ཐང་ཡིག་རྙིང་མ།》ལྟར་ན་སྔོན་ཝུའུ་ཙེ་ཐེན་གྱི་དུས་སུ་རུས་ལི་ཡིས་རྒྱལ་ཁབ་རེ་ཞིག་རུས་ཝུའུ་ཡི་བཟུང་པ་ཕྱིར་ལེན་ཐུབ་ཅིང་ད་ལྟ་ཡང་ཧོང་ཁྲོ་དུས་ཟིང་ཡང་དེ་དང་འདྲ་བས་གནམ་གྱི་ལས་ལ་ལྡོག་ཏུ་མེད་པས་མཆོད་པར་འོས་སོ་ཞེས་མཆོད་འོས་དགོན་གྱི་དགོན་མིང་བསྩལ་ཞེས་བརྗོད་འདུག་ལ་དེའི་ཡར་སྔོན་དུ་སྒོམ་གྲྭའི་མཚན་ལ་ཅི་ལྟར་བཏགས་པ་ལོ་རྒྱུས་ཡིག་ཆ་སོགས་སུ་གོ་རྒྱུ་མི་འདུག
           དགོན་པ་འདི་ཁྲེན་ཏུའུ་གྲོང་ཁྱེར་གྱི་མིང་གྲགས་ཅན་གྱི་དགོན་སྡེ་དག་དང་བསྡུར་ན་ཡོན་བདག་དང་མཇལ་བ་མང་རྒྱུ་མེད་མོད། དགོན་པའི་ཉེ་འཁོར་གྱི་ཁྱིམ་པ་དག་གིས་བཤད་ན། ནམ་རྒྱུན་ཟླ་རེའི་ཚེས་གཅིག་དང་བཅོ་ལྔའི་སྐབས་སུ་ཕྱོགས་གང་ཅི་ནས་ཕེབས་པའི་མཇལ་བ་རྒྱུན་མི་ཆད་ཅེས་བཤད། དགོན་པའི་ནང་དུ་འཛུལ་མ་ཐག་གནའ་མཉམ་དོད་པའི་རྡོ་བརྐོས་དང་། དགུང་ལ་ཟུག་པའི་སྡོང་ལོ་མཐོང་ཐུབ་ལ། གནས་འདི་ན་ལྷིང་འཇགས་དང་ཞི་དུལ་ཅིས་ཀྱང་ཡོད་ངེས་ཞེས་སྣང་ངོར་འབབ་སྲིད། དགོན་ནང་གི་གྲྭ་རྒན་པ་ཞིག་གིས་ངེད་ཅག་གཞོན་སྐྱེས་འགའ་མཐོང་དུས། ཁོས་གསལ་ལ་མི་གསལ་བའི་ངང་ཁྱོད་ཚོ་ཇ་འཐུང་བར་ཡོང་བ་ཨེ་ཡིན་ཞེས་བཤད་བྱུང་། ངས་ང་ཚོ་ཇ་འཐུང་བར་ཡོང་བ་མིན། ང་ཚོ་མཇལ་སྐོར་དང་འཆམ་འཆམ་ལ་ཡོང་བ་ཡིན་ཞེས་བཤད་དུས། ཁོས་ཨོ། ཇ་འཐུང་ན་རྒྱབ་ན་ཇ་འཐུང་ས་ཡོད། ནམ་རྒྱུན་དབྱར་ནང་ཚ་བ་ཆེ་དུས་མི་མང་པོས་གནས་འདི་ནས་ཚ་བར་བཞོལ་ཞོར་ཇ་འཐུང་ནས་ལྷོད་གཡེང་བྱེད་སྲིད། ཁྱེད་ཅག་ས་ཆ་འདིའི་མི་མིན་ནམ་ཞེས་ཡང་བསྐྱར་ང་ལ་དྲིས། ངས་རང་ཉིད་ཅི་ལྟར་ཐོན་པ་དང་ཅིའི་ཕྱིར་ཡོང་བ་དེ་དག་ཁོང་ལ་བཤད་དུས་ཁོས་སོས་དལ་ངང་། ལོ་རེའི་ལོ་རྙིང་གི་ཚེས་པ་བཅུ་དྲུག་ཉིན་དགོན་པས་སྦྱིན་པ་གཏོང་བའི་མཛད་སྒོ་སྤེལ་སྲིད་ལ། མཐའ་སྐོར་གྱི་དབང་པོ་སྐྱོན་ཅན་དང་རྒན་པ་དག་ལ་རོགས་སྐྱོར་བྱེད་བཞིན་ཡོད། དེ་མིན་ཚེས་གཅིག་དང་ཚེས་བཅོ་ལྔའི་དུས་སུ་མཇལ་བ་དག་ལ་དཀར་ཟས་ཟ་རྒྱུ་ཡོད་ལ། ལོ་རེའི་ལོ་རྙིང་གི་ཚེས་བཅུ་དྲུག་ཉིན་དགོན་པས་དཀར་ཟས་ཀྱི་སྟོན་མོ་བཤམས་ནས་མི་སྟོང་ཕྲག་ལྷག་ལ་དཀར་ཟས་སྦྱིན་པ་གཏོང་བཞིན་ཡོད་པ་རེད་ཅེས་བཤད་བྱུང་། དེ་ནས་ངས་དགོན་པའི་ལོ་རྒྱུས་སྐོར་ཞིག་འདྲི་དུས། རྒན་པ་ཁོང་རང་དགོད་ཞོར་ཁེངས་སྐྱུང་གིས་ངས་དེ་དག་གསལ་པོ་མི་ཤེས། ཁྱེད་ཅག་ན་གཞོན་དག་ལ་རིག་གནས་ཡོན་ཏན་ཡོད་པས་དགོན་པར་མཇལ་སྐོར་ཐེངས་ཤིག་བྱས་དང་ཕལ་ཆེར་གོ་ཡོང་ཟེར་བཞིན་བུད་སོང་།
           ང་ཚོས་དགོན་པར་གཡས་སྐོར་ཐེངས་ཤིག་བྱས་ནས་དགོན་པའི་ལོ་རྒྱུས་རག་རིམ་ཙམ་ཞིག་བློ་ངོར་ཆགས་ཤིང་། དགོན་པ་འདིའི་ཁྱད་དུ་འཕགས་ཤིང་ཀུན་ལས་ལྷག་པའི་གནས་ཡང་གང་ཡིན་པ་རྟོགས་སོང་། དགོན་པ་འདིར་ཁྱད་དུ་འཕགས་པའི་རྩེར་སོན་གསུམ་ཡོད་པར་སྨྲ་ལ། རྩེར་སོན་གསུམ་དེ་གང་ཡིན་ཞེ་ན། སྙན་ཚིག་དང་ཡིག་གཟུགས། རི་མོ་གསུམ་ཡིན་ལ། དེ་དག་གིས་ནང་པའི་ཆོས་ཀྱི་སྙིང་པོ་དང་རིག་གནས་ཉིང་བཅུད་མངོན་པར་མཚོན་ཡོད་ལ། རི་མོའི་སྐོར་ལ་《རྒྱལ་ཁབ་བཅུའི་ལོ་རྒྱུས།》དང་《 དབྱི་ཧེ་རིས་གཞུང་།》 《 རིས་རྒྱུན།》 《 ཡེ་ཀྲུའུ་རི་མོ་གྲགས་ཅན་གྱི་དཀར་ཆག》སོགས་སུ་བསྟོད་པ་ལན་མང་མཛད་ཡོད་ལ། སྙན་ཚིག་གི་སྐོར་ནས་ཨོ་དབྱང་ཅོང་གིས་བརྩམས་པའི་ཚེག་བར་བདུན་གྱི་སྙན་ཚིག་《ཅིན་ཧན་གྱིས་བྲིས་པའི་མཆོད་འོས་དགོན་གྱི་གྱང་རིས་ལ་བསྟོད་པ།》ཞེས་པ་མིང་དུ་གྲགས་ཤིང་།《ཐང་གི་སྙན་ཚིག་ཀུན་ཁྱབ།》ཅེས་པའི་ཁྲོད་དུ་ཉར་ཡོད། ཡིག་གཟུགས་ཀྱི་སྐོར་ནས་མུན་ཀོས་ཞེས་པའི་ཡིག་གཟུགས་མཁན་པོ་ཞིག་གིས་ཨོ་དབྱང་ཅོང་གི་སྙན་ཚིག་《ཅིན་ཧན་གྱིས་བྲིས་པའི་མཆོད་འོས་དགོན་གྱི་གྱང་རིས་ལ་བསྟོད་པ།》ཞེས་པ་བྲིས་པས་དེ་ལྟར་རྩེར་སོན་གསུམ་དུ་གྲགས།
           རྩེར་སོན་གསུམ་གྱི་ལོ་རྒྱུས་ཞིབ་པར་བཤད་ན། སྔོན་ཆད་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཞི་ཙུང་གནས་འདིར་བཞུགས་དུས་དགོན་པ་བསྐྱར་གསོ་དང་དར་རྒྱས་སུ་བཏང་ཞིང་། རྒྱལ་པོའི་རྗེས་སུ་ཁྲིད་པའི་ཕོ་བྲང་གི་ལྷ་རིས་པ་སུང་ཝེ་ཡིས་འདུ་ཁང་གི་སྒོའི་ཤར་ངོས་ཀྱི་གྱང་ལྡེབས་སུ་བརྗིད་ཉམས་ཀྱིས་ཕྱུག་ཅིང་ནུབ་ངོས་གྱང་ལྡེབས་སྟོང་བར་བཞག་ནས་རྗེས་རབས་པ་དག་གིས་འགྲན་ཡར་སློང་པའི་ཚུལ་དུ་བཞག སུང་བྱང་མའི་སྐབས་སུ་རི་མོ་བ་ཅིན་ཧན་དང་སྙན་ཚིག་མཁན་ཨོ་དབྱང་ཅོང་གཉིས་རྟ་ལ་བཅིབས་ནས་ཉེ་འཁོར་དུ་སྤྲོ་གསེང་བྱེད་བཞིན་མཆོད་འོས་དགོན་དུ་སླེབས་ཤིང་ནུབ་ངོས་ཀྱི་གྱང་ལྡེབས་སྟོང་པར་ལུས་པ་མཐོང་ནས་ཐོལ་བྱུང་གི་སྣང་ཚུལ་ཞིག་གིས་ནུབ་ཀྱི་ལྡེབས་ངོས་སུ་ཐུགས་རྗེ་ཆེན་པོ་སྐོར་གྱི་ལྷ་རིས་འབྲི་བཞེངས་བྱས། ཨོ་དབྱང་ཅོང་གིས་ཚུལ་དེ་མཐོང་ནས་ཁོས་ཀྱང་གནས་དེ་ནས་《ཅིན་ཧན་གྱིས་བྲིས་པའི་མཆོད་འོས་དགོན་གྱི་གྱང་རིས་ལ་བསྟོད་པ།》ཞེས་པའི་སྙན་ཚིག་བརྩམས་ཤིང་། སྙན་ཚིག་གི་ཁྲོད་དུ་དགོན་པའི་སྤྱིའི་བཀོད་པ་བསྟོད་པ་བརྒྱུད་སུང་ཝེ་ཡིས་མཛད་པའི་ཤར་གྱི་ལྡེབས་རིས་ཀྱི་ཁྱད་ཆོས་གང་དག་ཡོད་པ་དང་དེ་ནས་ཅིན་ཧན་གྱི་ལྡེབས་རིས་བསྟོད་བསྔགས་བྱས་ནས་ལྷ་རིས་ཁྲོད་ཀྱི་སྤྲིན་དཀར་དང་ལྷ་འདྲེའི་གསོན་ཉམས་ལྡན་པའི་རྣམ་པ་དག་རེ་རེ་བཞིན་བྲིས་ནས་གཡས་གཡོན་གྱི་ལྡེབས་རིས་ལས་ལྷ་ཡུལ་དུ་བྱོན་པ་ལྟ་བུའི་སྣང་བ་སྟེར་ཞེས་སྙན་ཚིག་སྲིད་ན་དཀོན་པ་ཞིག་མཛད། རྗེས་སུ་དགོན་པའི་ཁྲི་པ་སྒོམ་ཆེན་རིག་དམན་པས་གྲྭ་པ་མུན་ཀོས་མངགས་ནས་ཨོ་དབྱང་ཅོང་གི་《ཅིན་ཧན་གྱིས་བྲིས་པའི་མཆོད་འོས་དགོན་གྱི་གྱང་རིས་ལ་བསྟོད་པ།》ཞེས་པ་ལྡེབས་སུ་བྲིས་པས། མི་རྣམས་ཀྱིས་ཐོས་པས་མཇལ་སྐོར་དུ་ཕེབས་མཁན་ཤིན་ཏུ་མང་པོ་བྱོན་ཞེས་བཤད་རྒྱུན་འདུག
           ཡིན་ཡང་ལོ་ངོ་བརྒྱ་ཕྲག་ལྷག་གི་འགྱུར་བག་ཁྲོད་དགོན་པར་ཆག་སྐྱོན་གང་མང་ཐེབས་ཤིང་། ལྷག་པར་དུ་རིག་གསར་ཀྱི་དུས་སུ་དགོན་པར་ཆོས་རྒྱུན་ཉམས་ཤིང་གྲྭ་རྒྱུན་ཡང་མེད་པར་གྱུར། 1990ལོར་སྤོས་ལྡན་དགོན་པའི་ཁྲི་པ་སངས་རྒྱས་ཤེས་རབ་ཞེས་པ་མཆོད་འོས་དགོན་དུ་ཕེབས་ནས། སྤོས་ལྡན་དགོན་གྱི་ཆོས་རྒྱུན་གནས་འདིར་གདན་དྲངས་ཤིང་། དེ་མིན་སྒོམ་གྲྭ་སོགས་བཙུགས་ནས་དགོན་པ་བསྐྱར་གསོ་བྱས་པ་དང་། དགོན་པའི་ཁྲོད་དུ་ལྷ་ཁང་འདུ་ཁང་བཞི་དང་སྐུ་གདུང་མཆོད་བརྟེན་དང་པུར་ཞུགས་མཆོད་རྟེན་དུ་མ་བཞེངས། དེ་བཞིན་དགོན་པའི་རྩེར་སོན་གསུམ་ཡང་སླར་གསོ་བྱས་ཤིང་། དད་ལྡན་དག་གིས་སྦྱིན་བདག་བྱས་ནས་ཨོ་དབྱང་ཅོང་གི་སྙན་ཚིག་དེ་ཡོལ་སྒྲོམ་གྱི་ངོས་སུ་བརྐོས་ཤིང་། ཡོལ་སྒྲོམ་རྒྱབ་ངོས་སུ་སྒོམ་ཆེན་སངས་རྒྱས་ཤེས་རབ་ཀྱི་བརྩམས་པའི་ནང་པའི་ལོ་རྒྱུས་དཀར་ཆག་ཞེས་པ་བརྐོས་ཡོད། ཁྲེན་ཏུའུ་གྲོང་ཁྱེར་གྱི་མིང་དུ་གྲགས་པའི་རི་མོ་བ་ལིའུ་ཀོང་ཧྭ་ཡིས་སྒྲ་བཅོམ་པ་བཅོ་བརྒྱད་ཀྱི་སྐུ་བརྙན་བཞེངས་ཤིང་། སྒོམ་ཆེན་སངས་རྒྱས་ཤེས་རབ་ཀྱིས་ལྷ་སྐུ་རེ་རེ་ལ་ཡི་གེ་བཀོད་འདུག་པས་དགོན་པའི་ནང་དུ་ད་ལྟ་ཡང་མཐོང་ཐུབ་པའི་མཆོད་འོས་དགོན་གྱི་རྩེར་སོན་གསུམ་དུ་གྲགས།
           ངེད་ཅག་དགོན་པའི་ཇ་ཁང་ཁྲོད་ནས་ལྷོད་གཡེང་ཙམ་བྱས་ནས་ཉི་ནུབ་དང་འགྲོགས་ནས་ཕྱིར་ལ་བུད་མོད། དགོན་པ་འདིའི་གྲུ་ཟུར་སོ་སོ་ན་ཡོད་པའི་རྡོ་བརྐོས་དང་ཤིང་བརྐོས་སོགས་ཀྱི་ཁྱད་མཚར་རིག་གནས་དག་གིས་ངེད་ཅག་གི་ཡིད་སེམས་བཀུག་ཅིང་ལྷག་པར་ལོ་རྗེས་མའི་ལོ་རྙིང་གི་ཟླ་ཚེས་བཟང་པོ་སྟེ་མི་གྲངས་སྟོང་ཕྲག་འཛོམས་པའི་དཀར་ཟས་སྦྱིན་གཏོང་གི་ཉིན་མོར་ངེད་ཅག་མ་གྲོས་གཅིག་མཐུན་གྱིས་འགྲོ་རྒྱུ་ཐག་གིས་བཅད།