ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཚ་ཁོ་དབོན་པོ་ངག་དབང་གྲགས་པས་བཞེངས་པའི་ཨ་འདུས་དགོན་པའི་དུས་གསུམ་ལྷ་ཁང་།

སྤེལ་དུས 2019-06-28 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། ཨ་འདུས་བུ་སྨྱོན།
            རྔ་བའི་ཨ་འདུས་ཡག་འགོ་དགོན་དུ་བཞུགས་པའི་མདོ་སྨད་རྟེན་གྱི་གཙོ་བོའི་གྲས་སུ་བསྔགས་པ་དུས་གསུམ་ལྷ་ཁང་ཆེན་མོའི་བྱུང་བ་བརྗོད་པ་ལ།   ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཚོགས་ལ་འགྲན་པའི་ཟླ་དང་བྲལ་བ།   ཤར་ཙོང་ཁ་པའི་ཐུགས་ཀྱི་སྲས་པོ།   ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུལ་མདོ་ཁམས་སྨད་དུ་སྤེལ་བའི་འཕྲིན་ལས་རླབས་པོ་ཆེ་དེ་ཉིད་རྗེའི་སྤྱན་སྔར་ཁས་བླངས་ཤིང་ཞལ་གྱིས་བཞེས་ཏེ།    དབུས་གཙང་སྟོད་ནས་ཕྱིར་རང་ཡུལ་དུ་ཞབས་ཀྱི་པདྨོ་མངོན་པར་བསྒྱུར་བ་དང་།   ལྷ་འཁོར་ལོ་སྡོམ་པའི་གནས་སུ་གཟིགས་པ་ཨ་འདུས་ཡག་འགོ་དགོན་པ་འདི་ནས་དབུ་བརྩམ་སྟེ་ཚ་ཁོའི་ད་ཚང་དགོན་པར་ཐུག་གི་བར་དུ་ཡུལ་རྒྱལ་མོ་རོང་གི་ཕྱོགས་སུ་དགོན་མ་ལག་བརྒྱ་རྩ་བརྒྱད་བཏབ།      རྗེ་ཚ་ཁོ་བ་ཁོང་དབུས་གཙང་ནས་མདོ་སྨད་དུ་འབྱོན་ཁར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་ངོས་ཀྱིས་གནང་པའི་ཐུབ་པའི་གསེར་སྐུ་རང་བྱོན།      རྗེའི་ཞལ་འདོན་དངུལ་བྲིས་མ་རྡོ་རྗེ་གཅོད་པ།  དབུ་ཞྭ།  ཕྱག་ཚ་ཚེ་དཔག་མེད།  ཕྱག་འཕྲེང་དང་སྐུ་ཤམ།  ཆོས་སྣམ།  ཕྱག་དམ་དང་ཕྱག་བྲིས།   དབུ་ལོ་སོགས་ཕྱག་རྟེན་ཇི་སྙེད་ཅིག་ཡོད་པ་དག་ནང་བཞུགས་ཀྱིས་སྟོན་པ་ཤཱཀྱ་སེངྒེ་གཙོ་བོར་གྱུར་བའི་དུས་གསུམ་གྱི་ལྷ་ཁང་འདི་དེང་གི་ཕྱམ་རྒན་མ་ཟུར་གསུམ་གྱི་སྡིངས་སུ་བཞེངས་ཞིང་།  སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་བའི་ཐུགས་སྨོན་རྒྱ་ཆེན་པོ་མཛད་པ་དང་།    འཕྲིན་ལས་ཀྱི་ཚོམས་ཆེན་པོའི་སྒོ་གླེགས་ཕྱེ་བའི་གནས་ཡིན་པ་མ་ཟད།   ཐག་ཉེ་རིང་ཀུན་གྱི་གདུལ་བྱའི་ཚོགས་ཐམས་ཅད་ལ་དབང་ལུང་མན་ངག་གི་གྲུ་ཆར་ཕངས་པ་མེད་པར་ཕབ་གནང་མཛད་ཅིང་སྨིན་གྲོལ་གྱི་ལམ་ཡངས་པོར་བཀོད་པར་བྱས་པས།    ངོ་མཚར་བྱིན་གྱིས་རླབས་པའི་གཙུག་ལག་ཁང་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་དང་།     དང་ཐོག་དགོན་པའི་དགེ་འདུན་པའི་སྡེས་འདུ་ཁང་དང་གཙུག་ལག་ཁང་ཀོབ་ཉིས་ཆོད་ཀྱི་ཚུལ་ཏུ་སྤྱད་པས་དགོན་པའི་རྨང་ངམ་ཞོ་ཆགས་པའི་ཞོ་རྩི་ལྟ་བུར་གྱུར་བའོ།།
            ཕྱིས་སུ་དགོན་པ་འདིའི་དགོན་བདག་མཚེ་ཤར་རྩེ་མཁན་པོ་སྐུ་ཕྲེང་གཉིས་པའི་སྐུ་དུས་སུ།   ཕྱམ་རྒན་གཡས་འཁྱིལ་མ་འདི་ལ་ཆར་དང་ཆུ་ཡིས་གོད་ཆགས་ཉུང་ངུ་བྱུང་སྟེ་དུས་གསུམ་ལྷ་ཁང་འདི་ཚོགས་ཆེན་འདུ་ཁང་གི་རྒྱབ་ལོགས་སུ་གནས་སྤར་བྱས་ཤིང་།   རྟེན་འགངས་ཆེན་རྣམས་སོར་བཞག་འོག་རྒྱས་བསྐྲུན་སྲིད་ན་དཀོན་པར་མཛད་ཅིང་།  དགའ་བ་བསྐྱེད་འོས་པའི་གཟུངས་གཞུག་ཁྱད་པར་བ་མང་པོ་ཞིག་ཁ་གསབ་ཏུ་བཀོད་པ་ནི།  སངས་རྒྱས་དཔའ་བོ་བདུན་གྱི་རིང་བསྲེལ།   མོའུ་འགལ་གྱི་བུའི་ཚེམས་ཀྱི་ཆ་ཤས།   ཇོ་བོ་རྗེའི་སྣམ་སྦྱར་དང་སྐུ་ཤའི་བདུད་རྩི།   ཇོ་བོ་རྗེའི་ཞལ་ཕྱིས།   རྗེ་རིན་པོ་ཆེའི་དབུ་ཞྭ།   འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ན་བཟའ།  མེཏྲི་བའི་ཁ་ཊི་ཀཱའི་ཤིང་།   ས་ར་ཧ་དང་མི་ཏྲ་ཛོ་གའི་སྒོམ་ཐག     རྗེ་རིན་པོ་ཆེའི་མཎྜལ་ནང་གི་ཁ་ཆེའི་གུར་ཀུམ་དང་སྨན་རྫས་སྣ་ཚོགས།  ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་དབུ་ཞྭ།   རྭ་ལོ་ཙྰ་བ་རྡོ་རྗེ་གྲགས་ཀྱི་དབུ་ལོ།   ལྷ་ལུང་དཔལ་རྡོར་གྱི་ཕུར་དར།  སྟག་ཕུ་གར་གྱི་དབང་ཕྱུག་གི་དབུ་ལོ།  འབྲི་གུང་སྐྱོབ་པ་རིན་པོ་ཆེའི་ན་བཟའ།    རྗེ་མི་ལ་རས་པ་དང་ཡུམ་བདག་མེད་མའི་སྒོམ་ཐག   མཁས་གྲུབ་རྗེའི་གདུང་རུས།   བྲམ་ཟེ་སྐྱེས་པ་བདུན་གྱི་སྐུ་ཤ།  མཁན་ཆེན་ངག་དབང་གྲགས་པའི་དབུ་ཞྭ་དང་སྐུ་ཤམ།  དབེན་ས་བ་བསོད་ནམས་ཕྱོགས་གླང་གི་ན་བཟའ།  དབེན་ས་བ་བློ་བཟང་དོན་གྲུབ་ཀྱི་ན་བཟའ།   རྒྱལ་དབང་ལྔ་བ་ཆེན་པོའི་ཞབས་ཕྱགས་ཡ།   ཇོ་བོ་ལོ་ཀི་ཤྭ་རའི་རྣ་རྒྱན།   རྗེ་རིན་པོ་ཆེའི་གསོལ་རྩམ་གྱི་ཕྱག་ཚ།  རྗེ་ཕ་བོང་ཁའི་གདུང་རུས།  ཇོ་བོ་མི་སྐྱོད་རྡོ་རྗེའི་ཐུགས་དཀར་གྱི་རིན་ཆེན་བཙོ་ཐལ།   ལྕང་སྐྱ་རོལ་བའི་རྡོ་རྗེའི་ན་བཟའ་སོགས་ངོས་དང་རྒྱུད་ནས་ཐོབ་པའི་སྐྱེས་བུ་དམ་པ་མང་པོའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་རྩ་ཆེན་ཇི་སྙེད་ཀུན་གཅིག་ཀྱང་མ་ཡལ་བར་མེ་ཏོག་འདབ་བརྒྱའི་ཚུལ་ཏུ་བཞུགས་ལ།   དུས་འགྱུར་ཕྱིས་སུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་གཟུངས་གཞུག་ཁྱད་འཕགས་མང་བོ་གནང་ཞིང་ཁ་གསབ་ཏུ་བཀོད་ཡོད་པ་ནི།    པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་འཁྲུལ་མེད།   འོད་དཔག་མེད་ཀྱི་གདུང་ཚ།  བཀྲ་ཤིས་ལྷུན་པོའི་རྟེན་གཙོ་གང་ཡོད་ཀྱི་རྟེན་འདུས།   ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་གླིང་རིན་པོ་ཆེ་རྣམ་གཉིས་ཀྱི་གདུང་ཚ་འཁྲུལ་མེད།    བ་སོ་ཆོས་ཀྱི་རྒྱལ་མཚན་གྱིས་གནང་བའི་རྗེ་རིན་པོ་ཆེའི་གདུང་ཚ་སྒྲོལ་དཀར་དང་ཚེ་དཔག་མེད།  གདུགས་དཀར།  དགའ་ལྡན་རྣམ་བར་རྒྱལ་བའི་གླིང་གི་རྟེན་གྱི་གཙོ་བོ་ཐུབ་པ་ཚུལ་ཁྲིམས་མའི་གཟུངས་གཞུག་འཁྲུལ་མེད།  སངས་རྒྱས་མར་མེ་མཛད་ཀྱི་འཕེལ་གདུང་།   རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ།  གུང་ཐང་བསྟན་པའི་དབང་ཕྱུག་གིས་ཆེད་དུ་གནང་བའི་གཟུངས་གཞུག་ནི།  གོང་ས་བདུན་པ་ཆེན་པོའི་ཞབས་ཕྱགས་ཀྱི་ཆ་ཤས།   ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ།  གུང་ཐང་སྐུ་ཕྲེང་རིམ་བྱོན་གྱི་རྟེན་འདུས་དང་ན་བཟའ།  དེ་མིན་གཞན་གདན་ས་འདིར་འཁྲུངས་པའི་མཚེ་ཤར་རྩེ་མཁན་པོ་སྐུ་ཕྲེང་རིམ་བྱོན་གྱི་གདུང་རུས་དང་ན་བཟའ།  བླ་མ་སངས་རྒྱས་ཚང་སྐུ་གོང་མའི་ཞལ་འདོན་སོགས།   མདོར་ན་གོ་རིམ་དང་ལྡན་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཀོད་ཡོད་དོ། །