ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

རྨེ་བ་དགོན།

སྤེལ་དུས 2019-11-04 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།

             1 ངོ་སྤྲོད།
             དགོན་སྡེ་འདི་ནི་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ལོ་སྟེ་སྤྱི་ལོ1646ལ་བེར་ཚང་གསང་སྔགས་ཉི་མ་ཞེས་སུ་གྲགས་པའི་བེེ་རོའི་ལ་ཁ་ཞེས་པར་དགོན་པ་བཏབས་པ་རེད། རྗེས་སུ་རབ་བྱུང་བཅུ་བཞི་བའི་ལྕགས་བྱི་ལོར་མཁར་སྤྲུལ་བསྟན་པའི་ཉི་མས་སོག་ཐང་དུ་གནས་སྤོ་བྱས་ཤིང་། སོག་བཀྲ་ཤིས་ཆོས་དར་གླིང་ཞེས་པའི་མཚན་གསོལ། རབ་བྱུང16པའི་ས་སྟག་སྟེ་སྤྱི་ལོ1938ལོར་མདོ་རིན་པོ་ཆེས་ཧ་ཁོག་ཏུ་དགོན་པ་སྤོས་ནས་ཁྲི་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་ཞེས་པའི་མཚན་གསོལ། རྗེས་སུ་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བས་དགོན་ས་སྦོ་བར་ཐུགས་བརྟག་གནང་བ་ལྟར་རབ་བྱུང16པའི་ཆུ་ཕག་སྟེ་སྤྱི་ལོ1983ལོར་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱ་མཚོས་ཐུབ་བསྟན་ཡོངས་འདུ་དགའ་བའི་ཚལ་ཆེན་པོ་འདིར་ད་ལྟའི་བཞུགས་སྒར་བསྐྱར་བཞེངས་མཛད་པའོ།། དགོན་པ་འདི་ཡི་ཆོས་ལུགས་ནི་སྔ་འགྱུར་རྙིང་མ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་གྲུབ་མཐའ་འཛིན་པའི་ཆོས་སྡེ་ཆེན་པོ་ཞིག་ཡིན། དགོན་འདི་ཡི་མདོ་རྒྱུད་སེམས་གསུམ་སོགས་གསང་སྔགས་སྤྱི་དང་གཞུང་པོད་བཅུ་གསུམ་གྱི་གཞུང་བཤད་དང་། མདོར་ན་བཅུ་ཕྲག་རིག་པའི་གནས་ལ་གསན་བསམ་མཐར་ཕྱིན་མཛད་པ་དང་། རྒྱུད་སྡེ་བཞི་དང་སྒྲུབ་སྡེ་བཀའ་བརྒྱས་སོགས་ཆོས་ཚུལ་མཐའ་དག་ལ་ཉམས་བཞེས་མཛད་བཞིན་བཞུགས་པ་ལགས་སོ།། དགོན་སྡེ་འདི་ཡང་ཕྱིས་སུ་སྤྱི་ལོ1981ལོར་ཧུང་ཡོན་རྫོང་གིས་ཆོག་མཆན་གནང་ནས་ཆོས་སྒོ་སླར་ཕྱེས་པ་དང་། ཟླ10པར་པཎ་ཆེན་རིན་པོ་ཆེས་དགོན་པར་ཨ་མོ་མཁལ་ཁུག་ཏུ་འཛུགས་ཡུལ་བདམས།
             2 ཕྱི་སྣོད་ཀྱི་བཀོད་པ།
             ད་ལྟ་རྨེ་བ་དགོན་པའི་འདུ་ཁང་ཆེན་མོའི་རིང་ཚད་ལ་སྨི63དང་། ཞེང་ཚད་སྨི48ཡོད་པ་དང་། མཐོ་ཚད་སྨི21.5དང་ཐོག་བརྩེགས3ཡོད། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ6048ཡས་མས་ཡོད་པ་དང་། ཕྱོགས་བཞིར་གསེར་ཟངས་ཀྱི་རྒྱ་ཕིབས་དང་། ཁོ་ར་ཁོར་ཡུག་ཏུ་གསེར་ཟངས་ཀྱི་མདའ་ཡབ་པུ་ཤུ་དང་བཅས་པ་གསེར་འོད་ཆེམ་ཆེམ་འཕྲོ་བས་ཀུན་ནས་བརྒྱན་ཅིང་བརྗིད་ཆགས་པར་གནས་ཡོད། ཐོག་བརྩེགས་གསུམ་ཅན་གྱི་དགོན་པའི་འདུ་ཁང་ཆེན་མོ་ལ་ཀ་བ454ཡོད་ལ། སྨི14རིང་བའི་ཀ་བ་གཙོ་བོ30ཡོད། བཟོ་སྐྲུན་ལ་བོད་རིགས་སྲོལ་རྒྱུན་གྱི་བཟོ་སྐྲུན་ཁྱད་ཆོས་དང་ནང་བསྟན་གྱི་རིག་གནས་སྒྱུ་རྩལ་ཟུང་འབྲེལ་བྱས་ཡོད་པ་མ་ཟད། དེང་རབས་ཀྱི་བཟོ་སྐྲུན་རྒྱུ་ཆ་དང་ལག་རྩལ་ཡང་འདྲེས་ཡོད། ཚང་མ་ནི་ཨར་འདམ་ལྕགས་རྩིབས་མའི་སྒྲིག་གཞི་ཡིན། ད་རུང་འཛམ་གླིང་འཆམ་མཐུན་མཆོག་རྟེན་ཡོད་ལ། དགོན་པའི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། མཆོག་རྟེན་ལ་བརྩེགས་ཉི་ཤུ་རྩ་གསུམ་ཡོད་པ་དང་། མཐོ་ཚད་ལ་སྨི123དང་། ཞབས་ཁྲིའི་རྒྱ་ཁྱོན་ལ་སྨི63×63ཡོད་པ་དང་། བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1.6ཡོད། མཆོད་ཁང་ཆེ་ཆུང་ཚང་མ404ཡོད། དེའི་ནང་དུ་རིགས་སོ་སོའི་ལྡེབས་རིས་དང་ཐང་ག་ཁྲི་གཅིག་ལྷག་ཡོད། གྲུབ་མཐའ་སོ་སོའི་བསྟན་བཅོས་དེབ་ཁྲི་གསུམ་ལྷག་ཡོད།
             3 སྐུ་གསུང་ཐུགས་རྟེན་སྐོར།
             སྤྲུལ་སྐུའི་ལྷ་ཁང་དུ་ལོ་ཉིས་སྟོང་བརྒྱད་བརྒྱ་དྲུག་ཅུ་ལྷག་གི་སྔོན་བཞེངས་པའི་མཉམ་མེད་ཤཱཀྱའི་རྒྱལ་པོས་རབ་གནས་ཐོབ་པའི་ཐུབ་པ་ཉན་ཐོས་མ། འཆི་མེད་པདྨ་འབྱུང་གནས་ཉིད་ལྷོ་ནུབ་རྔ་ཡབ་གླིང་དུ་ཕེབས་སྐབས་གུ་རུའི་ཚབ་ཏུ་རང་ཉིད་ཀྱིས་རབ་གནས་མཛད་པའི་གུ་རུ་ང་འདྲ་མའམ་ཨོ་རྒྱན་ཟ་ཧོར་མ། གུ་རུ་རིན་པོ་ཆེས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དབང་གནང་སྐབས་ཀྱི་ཕྱག་དྲིལ་གཏེར་ཆེན་སངས་རྒྱས་གླིང་བས་གཏེར་མ་ལོ1243ཙམ་པའི་རྟེན་རྙིང་། གཞན་ཡང་སློབ་དཔོན་རིན་པོ་ཆེའི་སྐུ་གསེར་ཟངས་ལས་གྲུབ་པའི་མཐོ་ཚད་སྨི་ལྔ་ལྷག་ཅན་གཟུངས་བཞུགས་ལ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་དང་། ཤཱཀྱ་ཐུབ་པའི་རིང་བསྲེལ། ཀུན་མཁྱེན་ཀློང་ཆེན། རི་འཛིན་ཤྲི་སེདྷ། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། འཕགས་པ་ཐོགས་མེད། རྗེ་བདག་ཉིད་ཆེན་པོ། ཀུན་མཁྱེན་དྲི་མེད་འོད་ཟེར། ཀུན་མཁྱེན་དོལ་པོ་བ། ཏེ་ལོ། ནཱ་རོ། མར་བ། མི་ལ། ས་པན་སོགས་རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་དབུ་ཐོད། ཤ་རཱི་རམ། གདུང་རུས། དབུ་ལྗོན། དཔལ་ཕྱག་ན་རྡོ་རྗེ། འཕགས་པ་སེངྒེ་སྒྲ། གུ་རུ། རྡོ་རྗེ་ཕག་མོ། སྒྲོལ་ལྗང་། མགོན་པོ་ཕྱག་བཞི་བ། འཇམ་ནག་སོགས་ཀྱི་རྒྱ་གར་ཤར་ནུབ་གཏེར་མ་སོགས་ཀྱི་གཟུངས་འཇུག་ཡོད་པ། རྗེ་བཙུན་བྱམས་པའི་སྐུ་གསེར་སངས་ལས་གྲུབ་པ་མཐོ་ཚད་སྨི་བརྒྱད་ཅན། རྒྱལ་བ་ཚེ་དཔག་མེད་སྨི་བདུན་དང་ཕྱེད་ཅན། སློབ་དཔོན་བི་མ་ལི་སྨི་དྲུག་དང་ཕྱེད་ཅན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་སྨི་བདུན་ཙམ་ཅན། རྒྱལ་བ་ཀློང་ཆེན་པོའི་སྐུ་སྨི་དྲུག་དང་ཕྱེད་ཅན། རིག་འཛིན་འཇིགས་མེད་གླིང་བའི་སྐུ་སྨི་ལྔ་དང་ཕྱེད་ཅན། ཉེ་སྲས་བརྒྱད་དང་སྤྲུལ་པའི་སྐུ་མང་པོའི་འདྲ་སྐུ་གྲངས་མེད་བཞུགས། ལོངས་སྐུའི་ལྷ་ཁང་དུ་ཟིལ་གནོན་དགྱེས་པ་རྡོ་རྗེའི་སྐུ་གདུང་ཆེ་ཆུང་གསུམ། མཁན་པོ་ནོར་བསྟན་གྱི་སྐུ་གདུང་དང་མཆོད་རྟེན། མཁས་ཤིང་གྲུབ་པའི་སྐྱེས་མཆོག་རིམ་བྱོན་གྱི་སྐུ་གདུང་གྲངས་མེད་དང་། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་དང་། ཤཱཀྱ་ཐུབ་པ། བྷོ་དྡྷི་སྭ་ཏྭ། མཁན་སློབ་ཆོས་གསུམ། སྟོན་པ་རྩ་གསུམ་ཆོས་སྲུང་ཀྱི་སྐུ་འདྲ་གྲངས་མེད་བཞུགས།
             གསུང་རབ་སྐོར་ལ། སྙིང་རྒྱུད་ཆ་ཚང་དང་། ཆོས་རྒྱལ་ངག་དབང་གིས་ཕྱག་བྲིས་ཀྱི་བརྒྱད་སྟོང་བ་དང་ཐར་མདོའི་གསེར་ཡིག  བཀའ་འགྱུར་ཚར་བདུན། བསྟན་འགྱུར་ཚར་ལྔ། དམ་སྐོང་ཚར120དང་། རིན་ཆེན་གཏེར་མཛོད། ཀློང་ཆེན་འཇིགས་གླིང་འཇམ་དབྱངས་མཁྱེན་བརྩེ། ས་པན་སོགས་ཀྱི་བཀའ་འབུམ་ཡོངས་རྫོགས། ཆོས་སྐུའི་ལྷ་ཁང་དུ་སྟོན་པ་ཀུན་ཏུ་བཟང་པོ། བཅོམ་ལྡན་སྣང་བ་མཐའ་ཡས། རྡོ་རྗེ་འཆང་། རྡོར་སེམས། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། མཁན་སློབ་ཆོས་གསུམ། བྱམས་པ། ཕྱག་རྡོར། འཇམ་དབྱངས། སྤྱན་རས་གཟིགས། སྒྲོལ་དཀར། སྔོན་བྱོན་མཁན་པོ་རྣམས་ཀྱི་གདུང་རྟེན་སོགས་བཞུགས་སོ།། སྒྲོལ་མའི་ལྷ་ཁང་དུ་གཙོ་སྐུ་ཚེ་ལྷ་རྣམ་གསུམ་དང་སྒྲོལ་སྐུ་ཁྲི་ལྷག་ཙམ་བཅས་བཞུགས་སོ།།
             4 ཉམས་གསོའི་ལོ་རྒྱུས།
             སྤྱི་ལོ1958ལོར་གོད་ཆག་བྱུང་སྟེ། གྲྭ་བ་མང་བོ་སྐྱ་ལོག་བྱས་ནས་དགོན་པ་ཐོར་སོང་བ་དང་། སྐབས་དེའི་འགོ་འཛིན་སྤྲུལ་སྐུ་འཇམ་དབྱངས་ཤེས་རབ་རྒྱལ་མཚན་ཡང་བཙོན་ཁང་དུ་བཅུག བློ་མཐུན་ཏེང་ཞའོ་ཕིང་གིས་ལས་ཀར་འགོ་འཛིན་བྱས་རྗེས། ཆོས་ལུགས་ཀྱི་བྱ་བ་ལ་རྒྱབ་སྐྱོར་བྱས་པ་མ་ཟད། སྤྲུལ་སྐུ་ཡང་དག་སེལ་བྱས་ནས་ཕ་ཡུལ་ལ་ཕྱི་ལོག་ཏེ། རྨེ་བ་དགོན་གྱི་ཉམས་གསོ་ལས་ཀའི་འགོ་བཟུང་། སྤྱི་ལོ1980ལོར་འཇམ་དབྱངས་ཤེས་རབ་རྒྱལ་མཚན་གྱིས་དཀའ་ངལ་ལ་མ་འཛེམ་པར་དགོན་པ་ཨ་མོ་མཁལ་ཁུག་ཏུ་བཙུགས། སྐབས་བཅུ་གཅིག་པའི་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། མི་རིགས་ཆོས་ལུགས་སྲིད་ཇུས་བསྐྱར་གསོ་ལག་བསྟར་བྱས་ཤིང་། སྤྱི་ལོ1981ལོར་ཧུང་ཡོན་རྫོང་མི་དམངས་སྲིད་གཞུང་གིས་རྔ་བ་ཁུལ་མི་དམངས་སྲིད་གཞུང་ལ་རྨེ་བ་དགོན་ཉམས་གསོ་བསྐྱར་བསྐྲུན་བྱེད་པའི་སྙན་ཞུ་ཕུལ་ནས་ཆོག་མཆན་བཀོད། སྤྱི་ལོ1982ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་རྒྱལ་ཡོངས་བོད་བརྒྱུད་ནང་བསྟན་གྱི་དགོན་པར་སྐོར་ཞིབ་ཏུ་སོང་ནས། རྔ་བ་བརྒྱུད་དུས་སངས་རྒྱས་ཆོས་ལུགས་དར་སྤེལ་བྱེད་ཆེད། རྣམ་འཛོམས་བྱམས་ཆེན་ཆོས་འཁོར་གླིང་དེ་ཨ་མོ་མཁལ་ཁུག་ཏུ་ཉམས་གསོ་བསྐྱར་བསྐྲུན་ཞུས་ཞེས་པའི་བཀའ་སློབ་ཕྱག་བསྟར་མ་གནང་། སྤྱི་ལོ1990ལོའི་ཟླ9བའི་ཚེས11ཉིན། ཧུང་ཡོན་རྫོང་རྣམ་འཛོམས་བྱམས་ཆེན་ཆོས་འཁོར་གླིང་ཉམས་གསོ་བསྐྱར་བཞེངས་བྱས་ཚར་བ་དང་། དགོན་པའི་འདུ་ཁང་དེ་སྤྱི་ལོ1983ལོར་ལས་འགོ་ཚུགས་ནས་ལོ་བདུན་འགོར་སོང་བ་དང་། མ་དངུལ་སྒོར་ཁྲི700ཡིས་འགྲོ་གྲོན་བྱས་ཏེ་ད་ལྟའི་བར་ལོ350ལྷག་གི་ལོ་རྒྱུས་ཡོད།
             5 སྤྲུལ་སྐུ་རིམ་བྱོན།
             བེར་ཚང་གསང་སྔགས་ཉི་མས་དགོན་པ་ཕྱག་བཏབ་ནས་ལོ་བརྒྱ་ཉེ་བའི་རིང་ལ་བདག་སྐྱོང་མཛད་རྗེས་སུ། དགོན་པ་འདིར་རིམ་བཞིན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་རྒྱུན་འཛིན་མ་ལག་མང་བོ་ཆགས་ཤིང་། འདིར་རྒྱུན་འཛིན་མ་ལག་གསུམ་གཙོ་བོར་བཟུང་ནས་ངོ་སྤྲོད་བྱེད་རྒྱུ་ཡིན།
             5_1 མདོ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན། 
             སྐུ་ཕྲེང་དང་བོ་མདོ་སྤྲུལ་འཛིགས་མེད་འཕྲིན་ལས་འོད་ཟེར་ཡིན་ལ། ཁོང་ནི་སྤྱི་ལོ1745ལོར་རྡོ་ཁོག་ཟེར་བའི་ས་ཆར་འཁྲུངས།
             སྐུ་ཕྲེང་གཉིས་པ་མདོ་སྤྲུལ་ཤེས་རབ་མེ་འབར། ཁོང་ནི་སྤྱི་ལོ1823ལོར་སི་ཁྲོན་དཀར་མཛེས་ས་ཆར་འཁྲུངས་ཤིང་། སྤྱི་ལོ1888ལོར་སྐུ་གཤེགས།
             སྐུ་ཕྲེང་གསུམ་པ་མདོ་སྤྲུལ་དྲི་མེད་གྲགས་པ་འོད་ཟེར། ཁོང་ནི་སྤྱི་ལོ1839ལོར་མཚོ་སྔོན་མགོ་ལོག་ཏུ་འཁྲུངས་ཤིང་། སྤྱི་ལོ1888ལོར་སྐུ་གཤེགས།
             སྐུ་ཕྲེང་བཞི་བ་མདོ་སྤྲུལ་ཟིལ་གནོན་དགྱེས་པ་རྡོ་རྗེ།  ཁོང་ནི་སྤྱི་ལོ1890ལོར་སྐྱིད་ལུང་གི་ས་ཆ་ཞིག་ཏུ་འཁྲུངས་ཤིང་། སྤྱི་ལོ1939ལོར་སྐུ་གཤེགས།
             སྐུ་ཕྲེང་ལྔ་བ་མདོ་སྤྲུལ་ཐུབ་བསྟན་བྱང་ཆུབ་རྒྱལ་མཚན། ཁོང་ནི་སྤྱི་ལོ1943ལོར་སི་ཁྲོན་དཀར་མཛེས་གསེར་རྟར་འཁྲུངས་ཤིང་། སྤྱི་ལོ1961ལོར་སྐུ་གཤེགས།
             སྐུ་ཕྲེང་དྲུག་པ་མདོ་སྤྲུལ་ཀུན་བཟང་འཇིགས་མེད་ལྷུན་འགྲུབ་རྡོ་རྗེ། སྐྱ་མིང་མཁས་གྲུབ་བཙན་གྲགས་འབོད་ཅིང་། སྤྱི་ལོ1986ལོར་ཧུང་ཡོན་རྫོང་ཨ་མོའི་ཡུལ་ཚོའི་མངའ་ཁོངས་སུ་འཁྲུངས་ཤིང་། སྲིད་གཞུང་གིས་ཡང་སྲིད་ངོས་འཛིན་ཆོག་མཆན་གནང་བའི་སྤྲུལ་སྐུའི་སྐུ་སྐྱེ་གསར་པ་ཡིན་ལ། ཁོས་སྔར་གཞུག་རྔ་བ་ཁུལ་སྲིད་གྲོས་ཨུ་ཡོན་དང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པ་དང་། རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་དགུ་བའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ཨུའི་ལས་འཛིན་པ་སོགས་ཀྱི་འགན་ཁུར་མྱོང།
             5_2 མཁར་སྤྲུལ་སྐུ་ཕྲེང་རིམ་བྱོན།
             སྐུ་ཕྲེང་དང་བོ་མཁར་སྤྲུལ་བསྟན་པའི་ཉི་མ། 
             སྐུ་ཕྲེང་གཉིས་པ་མཁར་སྤྲུལ་རྡོ་རྗེ་དབང་ཕྱུག ད་ལྟའི་དཀར་མཛེས་ཉག་རོང་རྫོང་དུ་སྐུ་འཁྲུངས་ཤིང་། སྤྱི་ལོ1961ལོར་སྐུ་གཤེགས།
             སྐུ་ཕྲེང་གསུམ་པ་འཇམ་དབྱངས་རྒྱས་པ་བསྟན་འཛིན་ནོར་བུ་ནི་སྤྱི་ལོ1983ལོར་ཧུང་ཡོན་ཟངས་དཀར་རུ་འཁྲུངས(སྲིད་གཞུང་གི་ཆོག་མཆན་ཐོབ་མེད)
             5_3 སྒོ་སྤྲུལ་སྐུ་ཕྲེང་རིམ་བྱོན།
             སྐུ་ཕྲེང་དང་བོ་སྒོ་སྤྲུལ་རིན་པོ་ཆེ།
             སྐུ་ཕྲེང་གཉིས་པ་ཤེར་ཕྲེང་འཇམ་དབྱངས་ཤེས་རབ་རྒྱལ་མཚན་ནི་སྤྱི་ལོ1930ལོར་རྨ་ཁོག་ཟེར་བའི་ས་ཆར་འཁྲུངས་ཤིང་། ཁོང་གིས་སྔ་གཞུག་དགོན་པའི་མཁན་པོ་དང་། ཧུང་ཡོན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། རྔ་བ་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བདུན་པ་དང་བརྒྱད་པའི་ལས་འཛིན་མཐུན་ཚོགས་ཀྱི་ལས་འཛིན་པ་གཞོན་པ་དང་རྒྱུན་ཨུ་ལས་འཛིན་སོགས་ཀྱི་འགན་བཞེས་སོ།།
             5_4 སྐད་གྲགས་ཅན་གྱི་མཁན་པོ།
             མཁན་ཆེན་ཚེ་དབང་རིག་འཛིན། སྤྱི་ལོ1883ལོར་ཧུང་ཡོན་རྨེ་བར་འཁྲུངས་ཤིང་སྤྱི་ལོ1958ལོར་དགུང་ལོ76ཐོག་དགོངས་པ་རྫོགས་སོ།།
             མཁན་ཆེན་ནོར་བུ་བསྟན་འཛིན། སྤྱི་ལོ1898ལོར་ཧུང་ཡོན་རྨེ་བར་འཁྲུངས་ཤིང་། སྤྱི་ལོ1953ལོར་དགུང་ལོ56ཐོག་དགོངས་པ་རྫོགས་སོ།།
             མཁན་ཆེན་བསོད་ནམས་མགོན་པོ། སྤྱི་ལོ1895ལོར་ཧུང་ཡོན་རྨེ་བར་འཁྲུངས་ཤིང་། སྤྱི་ལོ1976ལོར་དགུང་ལོ73ཐོག་དགོངས་པ་རྫོགས་སོ།།
             མཁན་ཆེན་འཇམ་དཔལ། སྤྱི་ལོ1919ལོར་ཧུང་ཡོན་རྨེ་བར་འཁྲུངས་ཤིང་། སྤྱི་ལོ1984ལོར་དགུང་ལོ58ཐོག་དགོངས་པ་རྫོགས་སོ།།
             5_5 མཁན་རབས་རིམ་བྱོན་གྱི་གསུང་རྩོམ་སྐོར།
             མཁན་སྤྲུལ་བསྟན་པའི་ཉི་མའི་གསུང་གི་བསྐྱེད་རིམ་ཟིན་བྲིས། མདོ་སྤྲུལ་ཟིལ་གནོན་དགྱེས་པ་རྡོ་རྗེའི་རང་རྣམ་དང་བླ་སྒྲུབ་སོགས་ཡོད། འཇའ་ལུས་པ་ཆེན་པོ་མཁན་པོ་ཚེ་དབང་རིག་འཛིན་གྱི་གསུང་གི་རྒྱུད་གསར་རྙིང་གི་འགྲེལ། ཕྱོགས་བཅུ་མུན་སེལ་གྱི་འགྲེལ་མཆན། དཔལ་སྤྲུལ་ཞལ་ལུང་ཡོན་ཏན་མཛོད་ཀྱི་རྩ་འགྲེལ། མ་ཎིའི་འགྲེལ་བ། དམ་པ་གསུམ་གྱི་རྣམ་བཤད། ངོ་སྤྲོད། གསུང་མགུར་བཅས་དང་། རྗེ་བླ་མ་ནོར་བསྟན་གྱིས་གཞུང་ཆེན་པོད་བཅུ་གསུམ་ཆ་ལག་དང་བཅས་པའི་འགྲེལ་མཆན། ཤེར་ཕྱིན་སྤྱི་དོན། འཇུག་འགྲེལ་ཟླ་འོད་མའི་འགྲེལ་མཆན། རྒྱུད་གསང་བ་སྙིང་བོའི་སྤྱི་དོན། ཕྱོགས་བཅུ་མུན་སེལ་གྱི་མཆན་འགྲེལ། ཕུར་བའི་རྣམ་བཤད། བདེན་གཉིས་རྣམ་བཤད། རྡོར་ཕུང་གི་རྩ་རླུང་ཐིག་ལེའི་རྣམ་བཤད། ངོ་སྤྲོད། བསྟོད་ཚོགས། སྒྲུབ་སྐོར། གཏམ་ཚོགས་ཞལ་གདམས་བཅས་གསུང་འབུམ་མང་པོ་བཞུགས་སོ།།
             6 ཆོས་ལུགས་མཛད་སྒོ།
             ཟླ་བ་དང་བོའི་ཚེས་གཅིག་ནས་ཚེས་བདུན། ངལ་གསོ་བྱེད་པ།
             ཟླ་བ་བཞི་བའི་ཚེས་དྲུག་ནས་ཚེས་བཅོ་བརྒྱད་བར་སྨོན་ལམ་ཆེན་མོའི་འཚོགས་འཁོར།
             ཟླ་བ་ལྔ་བའི་ཚེས་ལྔ་ནས་བཟུང་ཟླ་བ་གཅིག་གི་རིང་ལ་ངལ་གསོ་དང་དགོན་པའི་གྲྭ་བས་རང་རེས་སློབ་སྦྱོང་བྱེད།
             ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ནས་ཟླ་བ་བརྒྱད་པའི་ཚེས་གཅིག་བར་དབྱར་གནས།
             ཟླ་བ་བརྒྱད་པའི་ཚེས་བདུན་ནས་ཚེས་བཅུ་བཞིའི་བར་འཚོགས་བསྐང་།
             ཟླ་བ་དགུ་བའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་འཚོགས་བསྐང་། ཚེས་བ་བཅུ་དྲུག་ནས་ཚེས་བ་སུམ་ཅུའི་བར་འཕྲིན་སྒྲུབ་འཚོགས་བསྐང་།
             ཟླ་བ་བཅུ་པའི་ཚེས་བཅུའི་འཚོགས།
             ཟླ་བཅུ་གཅིག་པའི་ནང་ཉི་མ་བརྒྱད་རིང་གི་ཕུར་སྒྲུབ།