ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

དབང་ལྡན་ཞུ་ཡི་གདན་ས་ལོ་རྒྱུས་ཉུང་བསྡུས།

སྤེལ་དུས 2021-07-20 ཡོང་ཁུངས། ཧི་མ་ལ་ཡའི་བོན། རྩོམ་པ་པོ། དབལ་ཁྱུང་བསོད་ནམས།

       ཞང་བོད་ས་ཡི་ཐིག་ལེའི་ལྟེ་བར་དགོན་སྡེ་ཆེ་ཆུང་སྣ་ཚོགས་ཆུ་ལུམ་བཞུགས་ཚུལ་དུ་བྱུང་མྱོང་ཡོད།དེ་ཡང་སྤྱི་ལོའི་སྔོན་གྱི་ལོ་༩༠༠ཡན་མན་དུ་སངས་རྒྱས་བསྟན་པ་སྔ་དར་གྱི་དུས་སྐབས་ན།  བོད་ཀྱི་རྒྱལ་རབས་གཉིས་པ་མུ་ཁྲི་བཙན་པོས་ཞང་བོད་ས་གཞིའི་ཐོག་ཏུ་བོན་གྱི་འདུ་གནས་སོ་བདུན་ཕྱག་བཏབ་སྟེ།   བསྟན་པ་རིན་པོ་ཆེ་འཆད་ཁྲིད་དང་ཉམས་ལེན་གྱི་རྒྱུད་མ་ཆད་པར་འཛིན་སྐྱོང་སྤེལ་གསུམ་བྱས་པས།  མཐོ་སྒང་གངས་རིའི་ཞིང་མཆོག་ཧྲིལ་པོ་སངས་རྒྱས་གཡུང་དྲུང་བོན་གྱིས་ཉི་འོད་བཞིན་དུ་ཁྱབ་པར་བྱུང་བ་ཡིན། བསྟན་པ་ཕྱི་དར་སྐབས་སུ་གཤེན་དང་བྲུ་ཞུ་སྤ་རྨེའུ་ཁྱུང་དང་བཅས་པའི་གདུང་རྒྱུད་ཆེན་པོ་དྲུག་གི་གཙོས་པའི་བླ་སྤྲུལ་སྐྱེས་ཆེན་རྣམས་ཀྱིས་ཕྱག་བཏབ་པའི་དགོན་གནས་གྲངས་ཀྱིས་མི་ལང་།  ད་ལན་སྐབས་སུ་བབ་པའི་གླེང་གཞི་ནི་དབང་ལྡན་ཞུ་ཡི་གདན་ས་བར་པ་ལྡོང་རྫོང་ཞུ་ཚང་དགོན་གྱི་ཆགས་རིམ་དང་ལོ་རྒྱུས་ནི། དགོན་འདི་ཐོག་མར་ཕྱག་འདེབས་མཁན་ཞུ་སྟོན་ཁྲོ་རྒྱལ་གྲགས་པ་དགུང་ལོ་ས་ོབརྒྱད་ཐོག་གཙང་ཁུལ་ཞུ་ཡི་གདན་ས་ནས་མདོ་ཁམས་ཁྱུང་ཡུལ་དུ་འགྲོ་དོན་བྱོན་པ་དང་།  ཁྱུང་དཀར་སྟོད་ཀྱི་ཁྱུང་གཉིས་༼ཉལ༽ལ་ཡི་ཉེ་འཁྲིས་ལྡོང་རྫོང་སྨུག་པོ་མཆེད་བརྒྱད་ཅེས་པའི་རི་ཞོལ་དུ། །བོད་རབ་བྱུང་གསུམ་པའི་ནང་དུ་དགོན་འདི་ཐོག་མར་ཕྱག་བཏབ།  དེ་རྗེས་ཁོང་ཡབ་གཞིས་སུ་བྱོན་ནས་དམ་པ་ཁོང་གི་ཁུ་བོ་ཞུ་སྒོམ་རིན་པོ་ཆེ་ཁྱུང་ཡུལ་དུ་གདན་དྲངས་ཏེ།  དམ་པ་གཉིས་ཀྱིས་ཞུ་ཡི་གདན་ས་བཟུང་ནས། ད་ལྟ་ཞུ་བཙུན་དཔལ་ལྡན་བཟང་མོའི་ཡབ་ཞུ་ནམ་མཁའ་གྲགས་པའི་བར་གྱི་བླ་རབས་རང་བྱོན་མཚན་དང་མཛད་རྣམས་སོགས་ཞིབ་པར་འབྲི་འདོད་ཀྱང་། གཞི་འཛིན་སའི་སྔར་ཡོད་ཀྱི་ལོ་རྒྱུས་དང་མཛད་རྣམ་ཡོད་རིགས་དག་དུས་འགྱུར་སྐབས་སུ་རྩ་བརླགས་སོང་ཟིན་པས་ཞིབ་འབྲི་མ་རྙེད།
       བཅོས་བསྒྱུར་མ་བྱས་སྔོན་དགོན་འདིའི་བླ་རབས་རིམ་བྱོན་གྱི་ཞུ་ཡི་ལུགས་འཛིན་པའི་དགོན་སྡེ་ཁག་ལྔ་ཡི་དབུ་བླ་གནང་སྲོལ་ཡོད། དེ་དག་ནི། ད་ལྟ་ལྷོ་རོང་རྫོང་དུ་ཁྲ་རྒན་དགོན།   ནག་ཆུ་འབྲི་རུ་རྫོང་དུ་གསའ་མདའ་བོན་དགོན།  སེན་རྩ་དགོན།  ཀླུ་མཁར་དགོན། དངུལ་ཁོ་དགོན་བཅས་སོ།  དེ་དག་གི་མ་དགོན་ལྡོང་རྫོང་ཞུ་ཚང་དགོན་འདིར་བཅོས་བསྒྱུར་མ་བྱས་གོང་། ཚོགས་ཁང་རྒྱ་ཁྱོན་ལ་ཀ་བ་སུམ་ཅུ་སོ་དྲུག་ཡོད་པའི་ནང་དུ་རྟེན་གྱི་གཙོ་བོ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ། རྒྱུ་གསེར་ཟངས་གྲུབ་པའི་ཐོག་བརྩེགས་གཉིས་ལྡན་ཅན་དང་།  གཡས་གཡོན་དུ་ཞུ་ཡི་གདུང་འཛིན་ཞུ་གཡས་ལེགས་པོའི་སྐུ་གདུང་དང་།   ཞུ་སྟོན་ལྷུན་གྲུབ་ཡབ་སྲས་ཀྱི་སྐུ་གདུང་།  རིས་སུ་བྲིས་པའི་དད་རྟེན་བསམ་ལས་འདས་པའི་བཞེངས་བསྐྲུན་མཛད།    ཞུ་སྟོན་ལྷུན་གྲུབ་ཡབ་སྲས་གཙོས་དགོན་འདིའི་བླ་རབས་གོང་མ་རྣམས་ལ་རྒྱ་ནག་གོང་མ་ཆེན་མོས་བླ་ཡི་མཆོད་གནས་སུ་བསྐུར་ཏེ་མཆོད་ཡོན་གནང་བའི་ལོ་རྒྱུས་ཀྱི་དཔང་རྟགས་སུ།  གོང་མ་ཆེན་པོས་གནང་བའི་བཀའ་ཤོག་དང་མཆོད་ཡོན་ན་རིམ་གྱི་གཏན་ཚིགས་ལ། ས་སྐྱོང་སངས་རྒྱས་རྒྱ་མཚོས་རྒྱབ་སྣོན།  དེ་བཞིན་བོད་ས་གནས་སྲིད་གཞུང་གིས། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དང་།   བཞི་པ་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་གནང་བའི་བཀའ་ཤོག རྒྱལ་དབང་ལྔ་པ་གོང་ས་ལྔ་པ་ཆེན་པོས་གནང་བའི་བཀའ་ཤོག་ཤེལ་བུམ་དང་དྲུག་པས་གནང་བའི་གཏན་ཚིགས།   བདུན་པས་གནང་བའི་རྒྱབ་སྣོན་བཅས་ཆེ་བའི་ཡིག་ཚང་དང་།  གནའ་ཤུལ་མང་དག་ཅིག་ཡོད་པར་འགའ་ཞིག་དུས་འགྱུར་སྐབས་སུ་གཏོར་བརླགས་སོང་ཡང་། 
       ད་ལྟ་དངོས་སུ་ཡོད་པ་རྒྱལ་དབང་ལྔ་པའི་ཤེལ་བུམ།  རྒྱལ་དབང་དྲུག་པའི་གཏན་ཚིགས།  རྒྱལ་དབང་བདུན་པའི་རྒྱབ་སྣོན།  རྒྱལ་ནག་གོང་མ་ཆེན་པོའི་བཀའ་ཤོག་ཞལ་བཤུས་བཅས།  ཞུ་བཙུན་དཔལ་ལྡན་བཟང་མོ་དང་ནག་རི་སྟོད་ཨ་རྡོ་སྐལ་བཟང་བསྟན་འཛིན་གཉིས་ཀྱིས་ལུས་སྲོག་ལས་གཅེས་པར་བཟུང་སྟེ་ཉར་ཚགས་གནང་ཐུབ་པའི་གནའ་ཤུལ་རིག་དངོས་འདི་དག་གིས་སྔོན་བྱོན་ཞུ་ཚང་གི་བླ་རབས་གོང་མ་རྣམས་ལ་མཛད་རྗེས་དང་། ལོ་རྒྱུས་དཔང་རྟགས་བསྙེན་དུ་མེད་པའི་ཀྲུང་ཧྭ་མི་རིགས་བཞག་པའི་ཤུལ་བཞག་རིག་དངོས་དང་། རྒྱ་བོད་གནའ་འབྲེལ་གྱི་ལོ་རྒྱུས་གསལ་བྱེད་ཅིག་ཀྱང་ཡིན།
ནག་སྟོད་ཚོ་ཁར་ཞུ་མུ་ལི་གྲགས་པ་གོང་ལ་ཞུ་ཚང་མི་སྣ་ཇི་ཙམ་བྱུང་མིན་ཆ་མ་འཚལ་ཡང་།  སྤྱིའི་ཆ་ནས་རྒད་པོའི་ངག་རྒྱུན་དང་རྒྱལ་བའི་བཀའ་ཤོག་སོགས་ལས་གསལ་བར་ལྟར་ན་ལོ་ངོ་སུམ་བརྒྱ་ཡས་མས་ཙམ་ཕྱིན་པའི་དཔང་རྟགས་མཆིས།    སྤྱིར།  རྒྱལ་བའི་བཀའ་ཤོག་ནང་དུ་གསལ་བར་ལྟར་ཞུ་སྡེ་དང་ནག་སྟོད་ཚོ་ཁ་མང་དག་ཅིག་མཆིས་ནའང་། རེ་ཞིག་རྟག་དཔྱད་ཙམ་ལས་ཁ་ཚོན་གཅོད་དཀའ་བས་དཔྱད་པར་འཚལ། མདོར་ན་དགོན་པ་འདི་ལོ་རྒྱུས་ཡུན་རིང་ལྡན་ཞིང་།  སྔ་ཕྱི་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་བྱེད་མཁན་གྱི་དགོན་པ་ཞིག་ཡིན།