ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བོད་ལྗོངས་དཔེ་མཛོད་ཁང་གིས་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་རོབ་ཙམ་གླེང་བ།

སྤེལ་དུས 2017-09-05 ཡོང་ཁུངས། བོད་ལྗོངས་རིག་གནས། རྩོམ་པ་པོ། སྐྱ་རེངས་ཀྱིས་བསྒྲིགས།
          ལོ་འདི་འགའི་རིང་ཏང་ཀྲུང་དབྱང་གི་ཡང་དག་པའི་སྲིད་ཇུས་སྣེ་འཁྲིད་དང་། ས་གནས་སྲིད་གཞུང་གི་ལྷོད་མེད་འབད་འབུངས་ལ་བརྟེན་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་སྤྱིའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སྒོས་སུ་ཀྲུང་དབྱང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོགས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་དུ་རིག་གནས་སྒྲིག་གཞིར་བཅོས་སྒྱུར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་གཏོང་དགོས་པའི་དགོངས་དོན་ཁྱབ་བསྒྲགས་གནང་བ་དང་། སྤྱི་ལོ་༢༠༡༡ལོའི་ཟླ་༡པོའི་ཚེས་༢༦ཉིན། རིག་གནས་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས《རྒྱལ་ཡོངས་ཀྱི་མཛེས་རྩལ་ཁང་དང་། སྤྱི་པའི་དཔེ་མཛོད་ཁང་། རིག་གནས་ཁང་སོགས་རིན་མེད་ཀྱིས་སྒོ་འབྱེད་པའི་བྱ་བར་སྐུལ་སྤེལ་གཏོང་བའི་གྲོས་གཞི》ལག་བསྟར་མཛད་པ་ནས་བཟུང་རྒྱལ་ཁབ་དང་ས་གནས་རིམ་པས་རིག་གནས་འཛུགས་སྐྲུན་གྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཐོན་ཁུངས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྔ་མེད་པའི་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།

          བོད་ལྗོངས་དཔེ་མཛོད་ཁང་གསར་དུ་བཙུགས་ནས་ད་བར་རང་ལྗོངས་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་དུ་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད། འདིར་བོད་ལྗོངས་དཔེ་མཛོད་ཁང་གིས་ཉེ་བའི་ལོ་འགའི་རིང་རང་ལྗོངས་ཀྱི་མང་ཚོགས་རིག་གནས་དར་རྒྱས་གོང་འཕེལ་ཡོང་ཕྱིར་འབད་འཐབ་བྱས་པའི་གྲུབ་འབྲས་སྐོར་རོབ་ཙང་གླེང་བར་བྱ་སྟེ།
དང་པོ། རྨང་གཞིའི་འཛུགས་སྐྲུན་ཐད་ཀྱི་གྲུབ་འབྲས་སྐོར།

          བོད་ལྗོངས་དཔེ་མཛོད་ཁང་ནི་དམངས་ཕན་གྱི་ངོ་བོ་ལྡན་པའི་རིག་གནས་སྡེ་ཁག་ཞིག་ཡིན་པས། དེར་སྤྱི་དམངས་ཀྱི་རིག་གནས་འཚོ་བ་དར་རྒྱས་ཕུན་ཚོགས་སུ་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་བྱང་ཚད་གོང་མཐོར་གཏོང་བ། མི་རིགས་ཀྱི་རྩ་ཆེའི་ཤུལ་བཞག་རིག་གནས་ལ་གཅེས་འཛིན་དང་ཁྱབ་སྤེལ་གཏོང་བ་བཅས་ཀྱི་ཐད་ལ་གལ་འགངས་ཆེ་བའི་རང་བཞིན་ལྡན་ཡོད།

          བོད་ལྗོངས་དཔེ་མཛོད་ཁང་བཙུགས་ནས་ད་བར་ལོ་ངོ་བཅུ་དྲུག་ལས་སོང་མེད་རུང་། དཔེ་མཛོད་ཁང་གིས་མཛོད་ཁང་ལེགས་ཤོས་དང་། མཛོད་ཉར་ལེགས་ཤོས། དཔུང་ཁག་ལེགས་ཤོས། ཞབས་འདེགས་ལེགས་ཤོས་བཅས་ཀྱིས་མཚོན་པའི་རྨང་གཞི་བཞིའི་འཛུགས་སྐྲུན་དམིགས་ཚད་མངོན་གྱུར་ཡོང་ཕྱིར་འབད་འབུངས་ལྷོད་མེད་བྱས་ཡོད་ལ། དཔེ་མཛོད་ལས་དོན་པའི་བྱེད་སྒོའི་བྱང་ཚད་དང་། ཞབས་ཞུའི་སྤུས་ཚད་གཉིས་ལས་དོན་ཐབས་ཅད་ཀྱི་གཙོ་བོར་བཞག་སྟེ། དཔེ་མཛོད་ལས་དོན་པ་ཚོར་བྱེད་སྒོ་དང་ཞབས་ཞུའི་སྦྱོང་བརྡར་སློབ་ཁྲིད་སྣ་མང་གཉེར་ཡོད་པ་དང་། བྱེད་སྒོ་འཕེལ་རྒྱས་ཀྱི་ཁྲོད་དུ་ཀློག་པ་པོ་ཨང་དང་པོར་འཛིན་པའི་འདུ་ཤེས་ནམ་ཡང་བརྟན་པོར་སྲུང་ཡོད།

          སྤྱི་ལོ་༢༠༠༥་ལོ་དང་༢༠༡༡ལོར་སྔ་རྗེས་སུ་རྒྱལ་ཡོངས་རིག་གནས་ཆ་འཕྲིན་མཉམ་རོལ་ལས་གྲྭའི་བོད་ལྗོངས་ཡན་ལག་ལྟེ་གནས་དང་བོད་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་གཉིས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་གསར་དུ་བཙུགས་མ་ནས་བཟུང་། དེ་གཉིས་ཀྱིས་བོད་ལྗོངས་དཔེ་མཛོད་ཁང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་གལ་ཆེའི་གཞོགས་འདེགས་དང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། རྒྱལ་ཡོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་རོལ་ལས་གྲྭའི་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱིས་གློག་རྡུལ་ཡིག་རིས་དང་དཔེ་དེབ་གསར་བཟོ་མཛད་དེ། དཔེ་མཛོད་ཁང་གི་ཐོན་ཁུངས་མང་པོ་དེང་རབས་ཀྱི་ཀློག་པ་པོའི་དགོས་མཁོ་དང་འཚམས་པའི་གྲངས་གཞི་ཅན་དུ་བསྒྱུར་བ་དང་ཆབས་ཅིག་བོད་ཀྱི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་དང་། བོད་ཀྱི་ཞབས་བྲོའི་སྒྱུ་རྩལ་ལ་སོགས་ཀྱིས་མཚོན་པའི་ས་གནས་ཁྱད་ལྡན་གྱི་ཐོག་ཁུངས་དུ་མ་པར་སྐྲུན་དང་སྒྲིག་བཟོ་བྱས་ཡོད་པ་དང་། དེ་མཚུངས་སུ་བོད་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ཀྱང་ལྗོངས་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་བྱེད་པ་དང་འགྲོགས་ཏེ་ས་ཁུལ་གཞན་དག་ནས་རྩ་ཆེའི་བོད་ཡིག་དཔེ་རྙིང་འབོར་ཆེན་བླུས་ཏེ། བོད་ལྗོངས་དཔེ་མཛོད་ཁང་གི་མཛོད་ཉར་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

          ༢༠༡༡ལོའི་ཟླ་༨པའི་ནང་བོད་ལྗོངས་དཔེ་མཛོད་ཁང་དང་རྒྱལ་ཡོངས་རིག་གནས་ཆ་འཕྲིན་མཉམ་རོལ་ལས་གྲྭའི་བོད་ལྗོངས་ཡན་ལག་ལྟེ་གནས་གཉིས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲ་ཚིགས་དངོས་སུ་སྒོ་ཕྱེས་པ་ནས་བཟུང་། འཛམ་གླིང་ཡུལ་གྲུ་ཀུན་གྱི་ཀློག་པ་པོ་རྣམས་ཀྱིས་བོད་ལྗོངས་དཔེ་མཛོད་ཁང་གི་ཕན་སུམ་ཚོགས་པའི་ཐོན་ཁུངས་སྣ་ཚོགས་དྲ་རྒྱ་བརྒྱུད་དེ་ལྟ་ཐུབ་ཀྱི་ཡོད།

          ལྗོངས་སྲིད་གཞུང་དང་ནོར་སྲིད་ཐིང་གིས་དཔེ་མཛོད་ཁང་གི་ལས་དོན་ལ་ལྷོད་མེད་ཐུགས་ཁུར་གནང་བར་བརྟེན་བོད་ལྗོངས་དཔེ་མཛོད་ཁང་གི་ལོ་རེའི་དཔེ་དེབ་ཉོ་སྒྲུབ་ཀྱི་མ་དངུལ་སྤྱི་ལོ་༡༩༩༦ལོའི་སྒོར་འབུམ་གཅིག་གནས་ད་ལྟ་སྒོར་ས་ཡ་གཅིག་ལ་འཕར་ཡོད་ལ་དེས་ཐད་ཀར་བོད་ལྗོངས་དཔེ་མཛོད་ཁང་གི་ཐོན་ཁུངས་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ལྡབ་འགྱུར་གྱིས་ཇེ་མགྱོགས་སུ་བཏང་ཡོད། དཔེ་མཛོད་ཁང་བསྡུ་སྒྲིག་ཚན་པས་ཀློག་པ་པོ་ཨང་དང་པོར་འཛིན་པ་དང་། ཞབས་ཞུ་གཙོ་བོར་འཛིན་པའི་རྩ་དོན་གཞིར་བཟུང་སྟེ། དཔེ་ཆ་ཉོ་སྒྲུབ་ཀྱི་གྲོན་དངུལ་ལུགས་མཐུན་གྱི་བཀོད་སྒྲིག་བྱས་ཐོག ཀློག་པ་པོར་དགོས་གལ་ཆེ་ཞིང་ནང་དོན་ལེགས་པའི་དཔེ་དེབ་དང་། ས་གནས་མང་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་དང་འཚོ་བ་ཡར་རྒྱས་ལ་སྨན་པའི་དཔེ་དེབ་གྱ་ནོམ་པ་ཉོས་ཡོད། ད་ལྟར་བོད་ལྗོངས་དཔེ་མཛོད་ཁང་དུ་མཛོད་ཉར་གྱི་དཔེ་དེབ་འབུམ་གསུམ་དང་ཁྲི་དྲུག་ལྷག་ལ་སླེབས་ཡོད་པ་དང་། དེ་དག་གི་ཁྲོད་དུ་བོད་ཡིག་དཔེ་རྙིང་པོ་ཏི་ཁྲི་གཅིག་དང་སྟོང་ལྔ་ལྷག་དང་། དེབ་འབུམ་གཅིག་ལྷག་ཡོད། གཞན་དུས་དེབ་རིགས༩༤༤དང་ཚགས་པར་རིགས་༢༨༣བཅས་ཡོད་པ་མ་ཟད། གློག་རྡུལ་དཔེ་གཟིགས་ཁང་དུ་གློག་རྡུལ་དཔེ་དེབ་ཁྲི་བཞི་ལྷག་ཡོད་ལ། དེའི་ཁྲོད་དུ་བོད་ཡིག་གློག་རྡུལ་དཔེ་དེབ༣༠༠ལྷག་ཡོད། དེ་དག་གིས་སྔོན་ཐོན་རིགས་གནས་དར་སྤེལ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ། བོད་ཀྱི་ཤེས་རིག་ཞིབ་འཇུག་བཅས་ཀྱི་ཐད་ལ་བསམ་གྱི་མི་ཁྱབ་པའི་ནུས་པ་ཆེན་པོ་ཐོན་ཡོད། དེ་དང་ཕྱོགས་མཚུངས་མཛོད་ཉར་དཔེ་དེབ་དེ་དག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀློག་པ་པོ་རྣམས་ལ་སྟབས་བདེ་དང་། མགྱོགས་མྱུར། འདོད་བློ་ཁེངས་པ་བཅས་ཀྱི་ལྟ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

གཉིས་པ། ཀློག་པ་པོར་ཞབས་ཞུའི་ཐད་ཐོབ་པའི་གྲུབ་འབྲས་སྐོར།
          བོད་ལྗོངས་དཔེ་མཛོད་ཁང་གིས་རང་ལྗོངས་ཀྱི་ཤང་གྲོང་དང་། འདུས་སྡེ། སློབ་གྲྭ་དཔུང་སྡེ་། ལས་ཁུངས་སོགས་ཀྱི་ཀློག་པ་པོ་རྣམས་དཔེ་དེབ་གཡོར་དཀའ་བ་དང་། དཔེ་དེབ་མཐོང་དཀོན་པའི་གནད་དོན་ཐག་གཅོད་ཡོང་ཆེད། རླངས་འཁོར་དཔེ་མཛོད་ཁང(འགུལ་བསྐྱོད་དཔེ་མཛོད་ཁང)ལ་བརྟེན་ནས་དཔེ་དེབ་སྒོ་འགྲམ་དུ་སྐྱེལ་བ་དང་། དཔེ་གཡར་ལག་ཁྱེར་སྒོ་འགྲམ་དུ་སྒྲུབ་པ་ལ་སོགས་པའི་བྱ་ཐབས་སྣ་ཚོགས་སྤེལ་ནས། སྔོན་ཐོན་རིག་གནས་ཀྱི་ཐོན་ཁུངས་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱེལ་ཐུབ་པར་བརྩོན་ལེན་བྱས་པར་གཡུར་ཟའི་འབྲས་བུ་སྨིན་ཏེ། ཀློག་པ་པོའི་གྲངས་འབོར་ལོ་རེ་བཞིན་གོང་དུ་འཕར་བཞིན་ཡོད། བོད་ལྗོངས་དཔེ་མཛོད་ཁང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་ནས་ད་བར་སྤྱི་ཚོགས་ལས་རིགས་མི་འདྲ་བའི་ཀློག་པ་པོ་མི་གྲངས་ཁྲི་༢༠་ལྷག་ཙམ་ལ་ཞབས་འདེགས་སྒྲུབ་ཡོད་པ་དང་། དཔེ་དེབ་སྣ་མང་ཁྲི་༣༠་ལ་ཉེ་བ་ཞིག་ཕྱི་གཡར་མཁོ་འདོན་བྱས་ཡོད།

          གློག་ཀླད་དྲ་བར་བརྟེན་ནས་ཕུན་སུམ་ཚོགས་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་རྒྱ་ཆེའི་གཞི་རིམ་མང་ཚོགས་ཁྲོད་སྐྱེལ་རྒྱུ་དེ་ནི། སྤྱི་ཚོགས་རིང་ལུགས་རིག་གནས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་པ་དང་། དེང་རབས་ཅན་གྱི་དཔེ་མཛོད་ཁང་གི་མ་འོངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་ཡིན་པས། བོད་ལྗོངས་དཔེ་མཛོད་ཁང་གིས་ད་ཡོད་གློག་ཀླད་དྲ་བའི་ཆ་རྐྱེན་ཡོངས་སུ་སྤྱད་ནས། མང་ཚོགས་ཀྱི་རིག་གནས་འཚོ་བར་སྨན་པའི་ལས་དོན་གང་མང་སྒྲུབ་ཆེད་། གློག་ཀླད་ཉི་ཤུ་ཙམ་ཡོད་པའི་གློག་རྡུལ་དཔེ་གཟིགས་ཁང་ཞིག་བཙུགས་ནས། དྲ་བའི་ཐོན་ཁུངས་དང་། རྩིས་འཁོར་དང་དབྱིན་སྐད་སོགས་སྦྱོང་བྱེད་ཀྱི་འོད་ལྡེར་སྣ་ཚོགས། དཔེ་མཛོད་ཁང་གི་གློག་འཕྲུལ་དཀར་ཆག་ལ་སོགས་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་ཀློག་པ་པོའི་སྤྱན་སྔར་ཕུལ་ཡོད།

          ད་ལོའི་ཟླ་༣་པའི་ནང་དུ་བོད་ལྗོངས་དཔེ་མཛོད་ཁང་གི་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་བཟོ་བ་དང་། ཤེས་རིག་ཆ་འཕྲིན་སྤེལ་རེས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད། གྲོང་ཁྱེར་སྤྱི་བདེ་ཅུས་དང་མཉམ་འབྲེལ་གྱིས་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཉེར་རྟོག་ས་ཚིགས་༡༣༠ལ་དཔེ་དེབ་༡༠༠ཡོད་པའི་དམངས་ཕན་དཔེ་སྒྲོམ་རེ་བཙུགས་ཡོད། དཔེ་དེབ་ཀྱི་ནང་དོན་གྱི་ཆ་ནས་བོད་ཀྱི་རིག་གནས། ཡུལ་སྐོར། ཚན་རྩལ། ཚིག་མཛོད་སོགས་འདུས་ཡོད། དེས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་དཔེ་དེབ་གཡར་ཀློག་ཐད་སྟབས་བདེ་སྐྲུན་ཡོད་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་སྤྱི་དམངས་ཀྱི་རིག་གནས་བྱང་ཚད་མཐོར་འདེགས་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སོགས་ཕྱོགས་གང་ཐད་ལ་ཕན་ནུས་ཆེན་པོ་ཐོན་ཡོད།

          བོད་ལྗོངས་དཔེ་མཛོད་ཁང་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལྟ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ་མི་ཚེའི་སྤུས་ཚད་གོང་མཐོར་གཏོང་བ་དང་། ལྷག་པར་དུ་གཞོན་སྐྱེས་རྣམས་ལ་ལོ་ཟླ་ཞག་གསུམ་ཆུད་ཟོས་སུ་མི་གཏོང་བར་དཔེ་དེབ་གང་མང་བཀླག་ནས། ཕུགས་བསམ་ལྡན་པ་དང་། སྤྱོད་པ་བཟང་པ། ཤེས་རིག་ལྡན་པ། སྒྲིག་ལམ་ལྡན་པ་བཅས་ཀྱི་སློབ་སྟོན་བྱས་ཏེ། སྤྱི་ཚོགས་འདིར་ཕན་ཐོགས་ཡོད་པའི་མི་སྣ་ཞིག་ཏུ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཆེད་དུ། སྔ་ཕྱིར་ཕུལ་བྱུང་ཀློག་པ་པོའི་སྙན་རྩོམ་སྒྲིག་སྦྱོང་འགྲན་བསྡུར་དང་། ཕུལ་བྱུང་ཀློག་པ་པོའི་གཏམ་བཤད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང། ལོ་ཆུང་བྱིས་པའི་སྒྲུང་གཏམ་སྨྲ་བའི་འགྲན་བསྡུར་དང་། ལོ་ཆུང་བྱིས་པའི་གཏམ་བཤད་འགྲན་བསྡུར་སོགས་ཀྱང་ཐེངས་མང་སྤེལ་བ་བརྒྱུད། དམངས་ཡོངས་ལ་སློབ་སྦྱོང་བྱེད་པའི་འདུ་ཤེས་འཛུགས་པ་དང་། དམངས་ཡོངས་ཀྱིས་དཔེ་དེབ་ཀློག་རྒྱུར་དགའ་ཞེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཐོན་པར་སྐུལ་འདེད་གཏོང་བ། ཕུགས་བསམ་དང་། ཀུན་སྤྱོད། ཤེས་རིག་སྒྲིག་ལམ་བཅས་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མ་འོངས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བཅས་ཀྱི་ཐད་ལ་གལ་ཆེའི་ནུས་པ་ཐོན་ཡོད།

          རྒྱལ་ཁབ་རིག་གནས་པུའུ་ཡི་བཀའ་བརྡའི་དགོངས་དོན་གཞིར་བཟུང་། དཔེ་མཛོད་ཁང་གིས་ལོ་རེའི་ཟླ་བ་ལྔ་པའི་ནང་དཔེ་མཛོད་ཁང་དྲིལ་བསྒྲགས་ཞབས་ཞུའི་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ཏེ། ཚན་རིག་རིག་གནས་ཤེས་བྱ་ཁྱབ་བསྒྲགས་དང་། དཔེ་མཛོད་ཁང་གི་ངོ་བོ་དང་། ནུས་པ། ཞབས་འདེགས་བྱ་ཐབས་སོགས་དྲིལ་བསྒྲགས། ཀློག་པ་པོ་རྣམས་ལ་དཔེ་གཡར་ལག་ཁྱེར་སྒྲུབ་པ་སོགས་ཀྱི་བྱེད་སྒོ་སྤེལ་བར། དམངས་ཡོངས་དཔེ་དེབ་ཀློག་པར་སྤྲོ་བའི་རྣམ་པ་བཟང་པོ་ཞིག་ཐོན་པ་དང་། སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་ཁྱབ་སྤེལ་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད།

          མདོར་ན། བོད་ལྗོངས་དཔེ་མཛོད་ཁང་གིས་མང་ཚོགས་རིག་གནས་འཕེལ་རྒྱས་གཏོང་བ་དང་། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ནང"གྱང་མེད་པའི་དཔེ་མཛོད་ཁང"གྱི་ནུས་པ་མངོན་འགྱུར་བྱུང་ཡོད་ལ། དེ་དག་གི་ཕྱིར་བརྩོན་པས་དཀའ་བ་དང་དུ་བླངས་ཏེ་ལས་དོན་དུ་མ་སྒྲུབ་ཡོད་པས། ༢༠༠༣ལོར་བོད་ལྗོངས་དཔེ་མཛོད་ཁང་ལ་བོད་ལྗོངས་རིག་གནས་ཐིང་ཁོངས་གཏོགས་ཚན་པ་རྣམས་ཀྱི་ཁྲོད་ནས་སྔོན་ཐོན་རིག་གནས་ལས་དོན་ཚན་པའི་མཚན་སྙན་ཐོབ་ཡོད།

མ་འོངས་པའི་འཕེལ་རྒྱས་ཀྱི་དམིགས་ཚད་གླེང་བ།
          རྩིས་འཁོར་དྲ་རྒྱའི་ཁོར་ཡུག་གསར་བསྐྱེད་དང་། ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་ཤིན་ཏུ་མྱུར་བ། གྲངས་གཞི་ཅན་གྱི་དཔེ་མཛོད་ཁང་འཕེལ་རྒྱས་འགྲོ་བཞིན་པ་སོགས་ཀྱིས། ཆ་འཕྲིན་ཐོན་ཁུངས་ལོངས་སྤྱོད་རྒྱུར་སྔར་བྱུང་མྱོང་མེད་པའི་ཆ་རྐྱེན་དང་གོ་སྐབས་བཟང་པོ་ཞིག་སྐྲུན་ཡོད་པས། མ་འོངས་པ་ན། བོད་ལྗོངས་དཔེ་མཛོད་ཁང་གིས་མེས་རྒྱལ་ནང་ཁུལ་གྱི་ཞིང་ཆེན་གཞན་དང་རྒྱལ་ཁབ་གཞན་གྱི་སྔོན་ཐོན་དཔེ་མཛོད་ཁང་དག་ལ་མིག་དཔེར་བལྟས་ཏེ། ཐོན་ཁུངས་འཛུགས་སྐྲུན་དང་། ཞབས་ཞུའི་རྣམ་པ་སོགས་གང་ཐད་ནས་བོད་ལྗོངས་ཀྱི་གཞི་རྩའི་གནས་ཚུལ་དང། ཀློག་པ་པོའི་དགོས་མཁོར་བསྟུན་ནས་རིག་གནས་ཆ་འཕྲིན་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་རྩིས་སྦྱོར་ཅན་གྱི་ལས་སྣོན་དང་མཉམ་སྒྲིག་བྱས་ཏེ། ད་ཡོད་རྩིས་འཁོར་དྲ་བའི་བགྲོད་ལམ་ལ་བརྟེན་ནས་ཚད་མཐོ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱིས་བདེ་སྤྱོད་ཅིང་ཕན་ཐོགས་པར་བྱེད་པ་དང་། རྒྱལ་ཡོངས་ཀྱི་རིག་གནས་ཐོན་ཁུངས་དང་། ལྷག་པར་དུ་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་ལ་རྩིས་སྦྱོར་ཅན་གྱི་མཉམ་སྒྲིག་བྱེད་པ་དང། ཕུན་སུམ་ཚོགས་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་དེ་དག་གློག་ཀླད་འཕྲིན་བརྒྱུད་དེ། འགྲོ་གྲོན་ཆུང་ཞིང་ཚད་མྱུར་བའི་ངང་གཞི་རིམ་མང་ཚོགས་ཁྲོད་བསྐྱལ་ཏེ། རིག་གནས་ཆ་འཕྲིན་ཐོན་ཁུངས་ལས་ལུགས་མཐུན་གྱི་བཀོད་སྒྲིག་དང་། གཞི་རིམ་རིག་གནས་སྤེལ་ཡུལ་ལ་ནང་དོན་གསར་པ་ཁ་སྣོན་བྱེད་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་ས་ཁུལ་ཁག་དབར་དང་། ལས་རིགས་སྣ་ཚོགས་དབར་གྱི་རིག་གནས་བྱ་གཞག་འཕེལ་ཚད་དོ་མི་མཉམ་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ད་དུང་དབུལ་ཞིང་ཕོངས་པའི་དངོས་དོན་ལ་བསྒྱུར་བཅོས་བྱ་རྒྱུ། སྔོན་ཐོན་གྱི་ཚན་རྩལ་ལག་ཆར་བཟུང་ནས་དུས་དང་གནས་ཀྱི་བཀག་རྒྱ་ནས་བརྒལ་ཏེ་མངོན་ལྐོག་དང་ཐུན་མོང་དུ་གྱུར་བའི་ཤེས་བྱ་སྤྱི་དང་། སྒོས་སུ་ལས་རིགས་ཁག་གི་ཆེད་ལས་སྐོར་གྱི་ཚད་ལྡན་ཡིག་ཆ་དང་ཚན་རིག་ཞིབ་འཇུག་གི་སྒྲུབ་འབྲས་གསར་པར་དུས་བསྟུན་ཤེས་རྟོགས་དང་། སྟབས་བདེའི་ངང་གཟུགས་སྒྲ་དཔེར་རིས་དང་བཅས་པའི་བརྡ་འཕྲིན་སྣ་ཚོགས་སུ་ལེགས་སྒྲིག་བྱས་ཏེ་ཐད་ཀར་དུ་གཏོང་ལེན་དང་བརྗེ་རེས་ཐུབ་པ་བྱ་རྒྱུ་དེ་བོད་ལྗོངས་དཔེ་མཛོད་ཁང་གིས་ཀློག་པ་པོར་ཞབས་ཞུའི་ལས་དོན་གྱི་དམིགས་ཚད་ཡིན།