ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས།

སྤེལ་དུས 2018-02-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
—— ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།
            “ཆོད་སེམས་དེ་བས་ཆེ་བ་དང་། དམིགས་ཚད་དེ་བས་ཁ་གསལ། བྱེད་ཐབས་དེ་བས་ནུས་ལྡན་བཅས་ཀྱི་སྒོ་ནས་ཞིང་འབྲོག་ཁུལ་འཛུགས་སྐྲུན་ཡག་པོ་དང་འཕེལ་རྒྱས་ཡག་པོ་བཏང་སྟེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་དེ་བས་ལེགས་པ་བསྐངས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་ཆེ་རུ་གཏོང་དགོས”ཞེས་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བོད་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་འཆར་གཞི་བཀོད་ཡོད། ང་ཚོས་ཚོགས་འདུའི་ཐོག་གཏན་ལ་འཁེལ་བའི་གཙོ་གནད་ལས་འགན་གཞིར་བཟུང་དུས་བསྟུན་ལས་སྒྲུབ་དང་དུས་བསྟུན་མདུན་སྐྱོད་བྱས་ཏེ་ལས་དོན་ཁག་གི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།
            “ཞིང་གསུམ”ལས་དོན་གྱི་འཕེལ་ཕྱོགས་ལེགས་པ་དང་སྤྱི་ཡོངས་རང་འགུལ་ལྡན་པ་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པ་དེས་རང་རྒྱལ་གྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྨང་གཞི་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྤུས་ཚད་གཏན་འཁེལ་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་པ་བཏོན་པ་དང་འབྲེལ་ཏང་གི་སྒྲིག་ཡིག་ནང་བཀོད་ཡོད། བཀྲམ་མ་ཐག་པའི་ཀྲུང་དབྱང་གི“ཡིག་ཆ་ཨང་དང་པོའི”ནང་ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ། གྲོང་གསེབ་བཅོས་སྒྲིག་གི་མ་ལག་གསར་པ་འཛུགས་རྒྱུ། གྲོང་གསེབ་ཀྱི་དམངས་འཚོ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ། གྲོང་གསེབ་དར་རྒྱས་ཀྱི་ལམ་ལུགས་རང་བཞིན་གྱི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་རྒྱུ། གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུ། གྲོང་གསེབ་དར་རྒྱས་ཀྱི་མ་འཇོག་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ཀྱི་ཐད་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་བཀོད་སྒྲིག་བྱས་པ་དང་འབྲེལ་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་རྩེ་རིམ་ཇུས་འགོད་བྱས་ཡོད།
            གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་བོད་ཀྱིས་གང་འདྲ་བྱས་ཏེ་ལས་དོན་སྒྲུབ་དགོས་སམ། ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་དུས་རབས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱ་རྒྱུ་མཐའ་འཁྱོངས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཤུགས་རྒྱག་ས་དང་ཚད་བརྒལ་བྱེད་སར་བརྩི་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུར་ཤུགས་རྒྱག་དགོས། ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བར་གཤམ་གསལ་ཕྱོགས་དྲུག་གི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་འབྲོག་ཁུལ་གྱི་རྩ་བའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། གྲོང་གསེབ་བཅོས་སྒྲིག་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་ཞིང་འབྲོག་ཁུལ་དུ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས། མཛེས་སྡུག་ལྡན་པའི་གྲོང་གསེབ་མགྱོགས་མྱུར་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་བརྒྱབ་ནས་གྲོང་སྲོལ་ཤེས་དཔལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཕྱོགས་དྲུག་གི་གཙོ་གནད་ལས་དོན་དེ་རང་ལྗོངས་ཀྱི་གནས་ཚུལ་དང་ཞིང་འབྲོག་ཁུལ་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་རེ་བ་གསར་པར་བསྟུན་ནས་ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་གཙོ་གནད་དུ་བྱེད་པ་དང་། སྣོད་བཅུད་མཐུན་འཕྲོད་འགག་རྩར་བྱེད་པ། གྲོང་སྲོལ་ཤེས་དཔལ་འགན་ལེན་དུ་བྱེད་པ། བཅོས་སྒྲིག་ནུས་ལྡན་རྨང་གཞིར་བྱེད་པ། འཚོ་བ་འབྱོར་ཕྱུག་རྩ་བར་བྱེད་པ་བཅས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་བསྐང་རྒྱུ་དེ་འབད་འཐབ་ཀྱི་དམིགས་ཚད་དུ་བྱས་པ་མངོན་པ་མ་ཟད། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕྱོགས་གཉིས་ལ་དམ་འཛིན་དང་ཕྱོགས་གཉིས་ཀར་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོའི་འཚོ་བ་ལེགས་སུ་གཏོང་རྒྱུར་སྣང་ཆེན་དང་མང་ཚོགས་ཀྱི་བསམ་པའི་འཚོ་བ་མཐོ་རུ་གཏོང་བའི་ལས་དོན་གྱི་འདུ་ཤེས་ལ་སྣང་ཆེན་བྱས་ཡོད།
            ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་མ་ཐུབ་ན། གྲོང་གསེབ་དར་རྒྱས་ཟེར་བ་གླེང་ཐབས་བྲལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ཞེས་པ་ཡང་དེ་བས་གླེང་ཐབས་བྲལ། རང་ལྗོངས་ནི་རྒྱལ་ཡོངས་ཀྱི་ཁྲོད་ནས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བ་ཆེས་མངོན་གསལ་དོད་པའི་ས་ཁུལ་གྱི་གྲས་ཤིག་ཡིན། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བ་དེ་ཞིང་འབྲོག་ཁུལ་དང་མང་ཚོགས་དབུལ་པོའི་ལུས་ཐོག་ནས་གཅིག་སྡུད་ཐོག་མངོན་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་པར། ངེས་པར་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་འཐབ་ཇུས་མཐའ་འཁྱོངས་བྱ་རྒྱུ་མཛུབ་ཁྲིད་དུ་བྱེད་པ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་མཐའ་ཚད་ལས་འགན་གྱི་ཚད་གཞི་དམའ་རུ་གཏོང་མི་རུང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་གཙོ་གནད་དེ་གནད་སྨིན་དང་དངོས་ཕན་ལ་ཐུག་ཡོད།
            ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་གྱི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་དེ་ཞིང་འབྲོག་ཁུལ་དུ་ཡོད་ལ། ཆེས་རྒྱ་ཁྱབ་དང་ཆེས་གཏིང་ཟབ་ཀྱི་རྨང་གཞི་ཡང་ཞིང་འབྲོག་ཁུལ་དུ་ཡོད་པ་མ་ཟད། མི་མངོན་པའི་སྟོབས་ཤུགས་དང་གཏིང་ཤུགས་ཀྱང་ཞིང་འབྲོག་ཁུལ་དུ་ཡོད། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཚེ། ཞིང་འབྲོག་ལས་དེ་རེ་བ་ལྡན་པའི་ཐོན་ལས་དང་། ཞིང་འབྲོག་མང་ཚོགས་དེ་ཡིད་དབང་འཕྲོག་པའི་ལས་རིགས། ཞིང་འབྲོག་ཁུལ་དེ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཅས་སུ་འགྱུར་ངེས་རེད།