ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དུས་རབས་གསར་པའི་འབད་འཐབ་ཀྱི་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

སྤེལ་དུས 2018-03-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།
          སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རྣམ་པའི་ཁྲོད་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་ཚེས་4ཉིན་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འབྱུང་འགྱུར་ཉིན་བཅུ་ལྷག་ཙམ་གྱི་དུས་ཡུན་ནང་སྐབས་གསར་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་ཐུན་མོང་ཐོག་རྒྱལ་དོན་གླེང་སྟེ་དུས་རབས་གསར་པའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཇུས་ཆེན་འགོད་རྒྱུ་རེད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
          ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འཕེལ་རྒྱས་གཏོང་རྒྱུའི་རླབས་ཆེན་འཆར་གཞི་བཀོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་འཆར་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ་དང་། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣ་འདེམས་བསྐོ་དང་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱ་རྒྱུ། ཤུགས་རྐྱེན་ཟབ་པའི་བྱ་བ་ཆེན་པོ་རབ་དང་རིམ་པ་གཏན་འབེབས་བྱ་རྒྱུ་བཅས་རེད། ཐེངས་འདིའི་ཚོགས་འདུ་ཡག་པོ་ཞིག་འཚོགས་ནས་ཏང་གི་དགོངས་ཚུལ་དང་མི་དམངས་ཀྱི་རེ་འདོད་དག་རྒྱལ་ཁབ་ཀྱི་འདུ་ཤེས་སུ་གོང་བུ་གཅིག་ཏུ་བསྒྲིལ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་དེ་བཞིན་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཕྱིར་འབད་འཐབ་ལྷོད་མེད་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་པོ་ལྡན་པ་ཞིག་རེད།
          འདས་ཟིན་པའི་ལོ་ལྔའི་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་མ་ཟད། ད་དུང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་ཁྲིམས་ལྟར་འགན་དབང་ཡང་བསྒྲུབས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ལ་ཁྲིམས་ལྟར་ཞིབ་བཤེར་ཆོག་མཆན་བཀོད་པ་ཡིན་ནའང་འདྲ། 
          གསར་གཏོད་རང་བཞིན་གྱི་བྱེད་སྟངས་སྤྱད་དེ་ལེའོ་ཉིང་གི་འདེམས་ཤོག་བསླུ་ཉོ་དང་རྔན་བསླུས་འདེམས་བསྐོའི་ཁྲོད་ཀྱི་དམིགས་བསལ་གནད་དོན་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱས་པ་ཡིན་ནའང་འདྲ། ཡང་ན་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་མེད་བཞིར་ཁྲིམས་ལྟར་གསལ་འགྲེལ་བྱས་པ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་བྱས་པ་གང་ཞིག་ཡིན་རུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དོན་ཆེན་དང་ལས་དོན་གལ་ཆེན་ཐད་འགན་ཁུར་ཕོད་པ་བྱས་པ་དང་ལས་དོན་སྤེལ་མཁས་པོ་བྱས་པས་ཕྱོགས་གང་ས་ཅི་ཐད་ཀྱི་ལས་དོན་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ལོ་ལྔའི་རིང་འགན་འཁྲི་གཙང་སྒྲུབ་བྱས་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐད་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གསུམ་དངོས་འབྲེལ་ཤར་བགྲོད་དང་གཅིག་གྱུར་དམ་ཟབ་བྱུང་ཡོད། ལག་ལེན་གྱི་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་བྱ་བ་སྒྲུབ་ཐུབ་པ་དང་། བྱ་བ་ཡག་པོ་སྒྲུབ་ཐུབ་པ། བྱ་བ་ལམ་ལྷོངས་ཡོང་བ་བཅས་ལ་འགན་ལེན་ནུས་ལྡན་ཐུབ་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད་པ་རེད།
          ལོ་ལྔའི་རིང་འགྲིམས་པའི་ལམ་བུར་ཕྱིར་ལྟ་བྱེད་སྐབས་གཞན་ལས་མངོན་གསལ་དོད་པའི་སྡོམ་ཚིག་ཅིག་ཐོབ་པ་སྟེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ངོ་བོའི་བླང་བྱ་དང་ལེགས་ཆ་ཆེ་ཤོས་ཤིག་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་འགན་ལེན་དང་འགག་རྩར་ཐུག་ས་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་རྩ་བརྟན་པོས་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། མར་ཁེ་སི་ལེ་ཉིང་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་པའི་གྲུབ་འབྲས་གསར་ཤོས་སྤྱད་དེ་ལག་ལེན་ལ་མཛུབ་ཁྲིད་དང་དཀའ་གནད་སེལ་ཐབས་བྱེད་པ་བཅས་བྱས་ན། གཞི་ནས་མི་དམངས་འཐུས་ཚོགས་ལམ་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གསོན་ཤུགས་ཆེ་ལ་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་རྒྱུ་རེད་ལ་དུས་རབས་ཀྱི་རང་བཞིན་ཡང་དེ་བས་ལྡན་རྒྱུ་རེད།
          དུས་རབས་གསར་པའི་དམིགས་ཚད་ལས་འགན་ལ་རྒྱང་ལྟ་བྱེད་རིང་བླང་བྱ་གཅིག་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་པ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་སྐབས་མི་དམངས་རང་ཁྱིམ་རང་བདག་ཡོང་བ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ནང་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་རེ་ངོ་རེར་ཆ་མཚོན་ན། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་ནི་དོན་སྤྱི་ཞིག་མིན་པར། དེ་དམངས་ཀྱི་རེ་འདོད་འཐུས་མིས་སྐོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་བསམ་འདུན་ལ་བརྩི་འཇོག་དང་། མི་དམངས་ཀྱི་ཁེ་དབང་འགན་ལེན། དམངས་འཚོའི་བདེ་རྩ་ཆེར་གཏོང་། མི་དམངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བཅས་ཀྱི་ཐོག་ནས་མཚོན་པ། མི་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐོག་ནས་མཚོན་པ། མི་དམངས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་གྱིས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱེད་དགོས།
          ཁྲིམས་སྐྱོང་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་གཞི་རྩའི་བྱེད་ཐབས་ཤིག་ཡིན། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཕྱོགས་གལ་ཆེན་ཞིག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དེ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་དང་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུགཏོང་རྒྱུར་བླང་བྱ་གསར་པ་བཏོན་ཡོད། ཁྲིམས་འཛུགས་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་དང་ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་འདོན་སྤེལ་བྱས་ཏེ་ཁྲིམས་སྐྱོང་འོག་སྒྱུར་བཅོས་ལ་སྐུལ་འདེད་དང་སྒྱུར་བཅོས་ཁྲོད་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་ལྟ་སྐུལ་དབང་ཆ་གང་ལེགས་སྤྱོད་དགོས་པ། བཅའ་ཁྲིམས་ཡང་དག་དང་ནུས་ལྡན་སྒོ་ནས་ལག་ལེན་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས་པ། ཁྲིམས་འཛིན་ནན་པོ་དང་། གཞུང་དྲང་ངང་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་སྐུལ་འདེད་གཏོང་རྒྱུར་མཚོན་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཕྲག་ཏུ་འགན་འཁྲི་ལྕི་པོ་ཡོད་ལ་བྱེད་རིན་ཡང་ཆེན་པོ་ཡོད།
          2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཡིན་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་ལོ་དང་པོ་ཡང་ཡིན། སྔར་སོང་ལ་ཕྱིར་དྲན་བྱེད་སྐབས། རྩ་བ་མི་དམངས་ཀྱི་ཁྲོད་དུ་ཚུགས་པ་དང་དུས་རབས་ལ་གཞི་ཚུགས་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་གསོན་ཤུགས་ཆེན་པོ་ལྡན་ཁར་ཁྱད་འཕགས་རང་བཞིན་ཡང་མངོན་གསལ་དོད་པོ་ལྡན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དེས་དུས་རབས་གསར་པར་རྣམ་པ་གསར་པ་མངོན་པར་བྱེད་ངེས་ལ་བྱས་རྗེས་གསར་པ་ཡང་འཇོག་ངེས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ་དང་། དུས་རབས་གསར་པའི་འབད་འཐབ་ཀྱི་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མི་དམངས་ཆེད་འབད་འཐབ་ལྷོད་མེད་དང་མི་དམངས་དང་མཉམ་དུ་འབད་འཐབ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་ལེའུ་གསར་པ་མཉམ་དུ་རྩོམ་དགོས།
          ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།