ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་ལ་བརྩི་འཇོག་དང་འགན་ལེན་གང་ལེགས་བྱུང་བ།

སྤེལ་དུས 2018-05-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
—— སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་དཔྱད་གླེང་གཉིས་པ།
                       བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། 1965ལོའི་ཟླ་9ཚེས་1ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཏེ་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་དང་ལག་ལེན་བསྟར་ཏེ་བོད་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་ལ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་དེང་རབས་ཀྱི་དམངས་གཙོའི་འགྲོ་ལམ་ཐོག་བསྐྱོད་དེ་མི་རིགས་ཁག་གི་མི་དམངས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོ་ངོ་མར་གྱུར་ནས་མི་དམངས་ཀྱི་ཁེ་དབང་སྣ་ཚོགས་ལ་བརྩི་འཇོག་དང་འགན་ལེན་གང་ལེགས་བྱུང་ཡོད།
                       སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་ལེན་འོག་བོད་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ནས་གངས་ལྗོངས་ས་མཐོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
མི་རིགས་ཁག་གི་མི་དམངས་ཀྱིས་དམངས་གཙོའི་ཁེ་དབང་ལག་ལེན་བསྟར་རྒྱུ་འགན་ལེན་བྱུང་བ།
                       2016ལོའི་ཟླ་དྲུག་པའི་ཉིན་ཞིག་ལ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གཙང་གདོང་གྲོང་ཚོའི་གྲོང་ལྷན་གྱི་མི་200ལྷག་གིས་ལུས་ལ་གཟབ་མཆོར་སྤྲས་ནས་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་ཀྲོང་ངེར་ལངས་ཏེ་དལ་གྱིས་མཐོན་པོར་སྒྲེང་བའི་སྐར་ལྔའི་དར་དམར་ལ་མིག་ཅེ་རེར་བལྟས་ནས་གུས་འདུད་མཚོན་པར་བྱས་ཤིང་། དེ་ནི་ལྗོངས་ཡོངས་ཀྱི་གཞི་རིམ་དམངས་གཙོའི་འདེམས་བསྐོའི་བརྒྱུད་རིམ་ཁྲོད་རྟག་ཏུ་མཐོང་བའི་རྣམ་པ་ཞིག་རེད།
                       རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་དམངས་གཙོའི་ཁེ་དབང་སྤྱོད་པའི་ཐབས་ལམ་གལ་ཆེན་ཞིག་རེད། བོད་ལ་བོད་རིགས་ཕུད། ད་དུང་རྒྱ་རིགས་དང་། སོག་རིགས། ཧུད་རིགས། འཇང་རིགས། ནུའུ་རིགས། ཏུའུ་ལུང་རིགས། མོན་པ། ལྷོ་པ། སྟེང་པ། ཤར་པ་སོགས་མི་རིགས་བཞི་བཅུ་ལྷག་ཡོད་པ་རེད། ཀྲུང་གོའི་རྩ་ཁྲིམས་བཞིན་རྒྱལ་ཁབ་ཀྱིས་བོད་ལ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་བོད་རང་སྐྱོང་ལྗོངས་བཙུགས་པ་མ་ཟད། མོན་པ་དང་། ལྷོ་པ། འཇང་རིགས་སོགས་ཀྱི་མི་རིགས་ཤང་ཡང་བཙུགས་ནས་མི་རིགས་ཁག་གི་མི་དམངས་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་དོ་དམ་ནང་འདྲ་མཉམ་ངང་ཞུགས་པའི་ཆབ་སྲིད་ཀྱི་ཁེ་དབང་ཁྲིམས་བཞིན་འགན་ལེན་བྱུང་ཡོད།
                       མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་འབེབས་བཞིན་རིམ་པ་གོང་མའི་རྒྱལ་ཁབ་ལས་ཁུངས་ཀྱི་གྲོས་ཆོད་དང་། གཏན་འབེབས། བཀའ་རྒྱ། མཛུབ་སྟོན་བཅས་མི་རིགས་རང་སྐྱོང་ས་གནས་ཀྱི་དོན་དངོས་གནས་ཚུལ་དང་མ་འཚམས་པ་བྱུང་རིགས་རང་སྐྱོང་ལས་ཁུངས་ཀྱིས་དེའི་རིམ་པ་གོང་མའི་རྒྱལ་ཁབ་ལས་ཁུངས་ཀྱི་ཆོག་མཆན་ཐོབ་རྒྱུར་ཕུལ་ནས་བབ་བསྟུན་གྱི་ལག་བསྟར་དང་ལག་བསྟར་མཚམས་འཇོག་བྱེད་ཆོག རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་ངལ་གསོའི་ཉིན་མོར་ངལ་གསོ་བཞག་པའི་རྨང་གཞིའི་ཐོག བོད་ཀྱིས“བོད་ཀྱི་ལོ་གསར”དང“ཞོ་སྟོན”སོགས་བོད་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཡང་རང་སྐྱོང་ལྗོངས་ཀྱི་དུས་ཆེན་དང་ངལ་གསོའི་ཉིན་མོའི་ནང་བཅུག་ཡོད། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་ས་ཁམས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་ལས་བཟོའི་གཟའ་འཁོར་གྱི་ལས་ཀའི་དུས་ཚོད་ཆུ་ཚོད་35ལ་གཏན་འཁེལ་བྱས་པ་དེ་རྒྱལ་ཡོངས་ཀྱི་ཁྲིམས་གཏན་ལས་ཀའི་དུས་ཚོད་ལས་ཆུ་ཚོད་5ཡིས་ཉུང་བ་ཡོད། 1981ལོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་ཀྱི་གཉེན་སྒྲིག་གོམས་སྲོལ་སོགས་ཀྱི་དོན་དངོས་གནས་ཚུལ་དང་བསྟུན་ཏེ། 《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས〉བབ་བསྟུན་ངང་ལག་ལེན་བསྟར་བའི་སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་དེས《གཉེན་སྒྲིག་བཅའ་ཁྲིམས》ནང་གཏན་འཁེལ་བྱས་པའི་ཕོ་མོའི་ཁྲིམས་གཏན་གྱི་གཉེན་སྒྲིག་ལོ་ཚད་ལས་ལོ་གཉིས་ཀྱིས་དམའ་རུ་བཏང་བ་མ་ཟད། བབ་བསྟུན་སྲོལ་ཡིག་ལག་ལེན་མ་བསྟར་གོང་སྔར་ནས་ཆགས་ཟིན་པའི་ཤུག་གཅིག་ཁྱོ་མང་དང་། ཁྱོ་གཅིག་ཤུག་མང་གི་གཉེན་སྒྲིག་འབྲེལ་བའི་རིགས་རང་འགུལ་ངང་གཉེན་སྒྲིག་གི་འབྲེལ་བ་མཚམས་འཇོག་བྱེད་འདོད་མེད་མཁན་ལ་མུ་མཐུད་རྒྱུན་འཁྱོངས་ཆོག་པའི་གཏན་འཁེལ་ཡང་བྱས་ཡོད།
                       དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་དབང་ཆ་ཡིན་ལ། འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་འགན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། དབུལ་ཕོངས་ཀྱི་རྗེས་ལུས་རྣམ་པར་འགྱུར་ལྡོག་གཏོང་རྒྱུ་བཅས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལ་རོགས་སྐྱོར་བྱས་ཡོད།
                       1980ལོ་ནས་བཟུང་། ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ཏེ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཕྱོགས་ཡོངས་ནས་འགོ་བཙུགས་ཏེ་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ཆེད་སྤྱི་ཡོངས་ནས་འཆར་འགོད་བྱས་ཡོད། 1984ལོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག“ཡུན་རིང་མི་འགྱུར་བ་གཉིས”ཀྱི་སྲིད་ཇུས་ཏེ། “ས་ཞིང་སྤྱོད་དབང་ཐེམ་དུད་ལ་སྤྲད་དེ་རང་བདག་གཉེར་སྐྱོང་བྱ་རྒྱུ་ཡུན་རིང་མི་འགྱུར་བ”དང“ཕྱུགས་ཟོག་ཐེམ་དུད་ལ་སྤྲད་ནས་སྒེར་བདག་སྒེར་གསོ་དང་རང་བདག་གཉེར་སྐྱོང་བྱ་རྒྱུ་ཡུན་རིང་མི་འགྱུར་བ”གཉིས་ཡིན་པ་རེད། དེ་དང་ཕྱོགས་མཚུངས་ད་དུང་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ་དང་སྒྱུར་བཅོས་སྒོ་དབྱེ་བྱས་ཏེ་ཕྱོགས་ཡོངས་ནས་ཟིང་བཅོས་ཡོ་བསྲང་དང་དབུལ་བཅོས་ཕྱུག་འགྱུར་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་བས་བོད་འདི་ཉིད་སྒྱུར་བཅོས་སྒོ་དབྱེའི་དུས་སྐབས་གསར་རྐྱང་དུ་སླེབས་ཡོད།
                       1994ལོར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་ནས་བཟུང་། ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ཏེ་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་60དང་། ཞིང་ཆེན་དང་གྲོང་ཁྱེར་18 ཀྲུང་དབྱང་གི་ཁེ་ལས་17བཅས་ཀྱིས་ཁ་གཏད་བོད་སྐྱོར་བྱ་རྒྱུའི་བཀོད་སྒྲིག་བྱས་ཡོད། ལོ་20ལྷག་ཙམ་རིང་སྔ་རྗེས་སུ་ཁག་བརྒྱད་ལ་བགོས་པའི་ཕུལ་བྱུང་གི་ལས་བྱེད་པ་4496དང་ཆེད་ལས་ལག་རྩལ་མི་སྣ་1466བོད་དུ་མངགས་ནས་བོད་སྐྱོར་རྣམ་གྲངས་7615བསྒྲུབས་པར། བོད་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་260བཏང་བ་དེ་དག་དམངས་འཚོ་ལེགས་བཅོས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཙོ་གནད་དུ་སྤྱད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 1994ལོ་ནས་བཟུང་། བོད་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྲངས་གནས་གཉིས་བསྟུད་མར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དུས་རབས་21པར་སླེབས་ཚུན། བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཕྱོགས་བསྡུས་ནུས་རྒྱུའི་མ་ལག་འཛུགས་སྐྱོང་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་རིམ་པས་འཐུས་སྒོ་ཚང་དུ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཤུགས་ཆེན་ཕྱིན་པ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ལོ་70ལ་སླེབས་པ། བོད་ཀྱི་རྒྱུན་སྡོད་མི་འབོར་ཁྲི་320ལྷག་ཙམ་ཟིན་པའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱིས་92%ཡན་བཟུང་བ་བཅས་རེད།
                       ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་ལོ་ལྔ་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་གྱི་ཨང་གསུམ་པར་སླེབས་པ་དང་ལོར་ཆ་སྙོམས་འཕར་ཚད་10.8%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་4ཙམ་གྱིས་མཐོ་བ་ཡོད། ལོ་ལྔའི་རིང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་7039ཟིན་ཡོད། དཔལ་འབྱོར་གྲུབ་ཆ་སྔར་བས་བཟང་སྒྲིག་དང་ཐོན་ལས་གསུམ་གྱི་གྲུབ་ཆ་སྔར་བས་ལུགས་མཐུན་བྱུང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་སྐས་རིམ་གསར་པར་སླེབས་ཏེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་ཆེ་རུ་སོང་ཡོད།
ཚན་སློབ་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་འཕེལ་བྱུང་བ།
                       ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཡོང་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་1987ལོ་དང་། 1988ལོ། 2002ལོ་བཅས་ཁག་སོ་སོར་ཁྲིམས་བཟོས་ནས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་དེ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་སྲོལ་ལམ་ཐོག་བཞག་ནས་བོད་སྐད་ཡིག་དེ་ཆབ་སྲིད་འཚོ་བའི་ཁྲོད་རྒྱ་ཁྱབ་ངང་སྤྱོད་ཐུབ་པ་བྱུང་ཡོད།
                       ཚན་སློབ་ཤེས་ལྡན་པའི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་པ། 2017ལོའི་ལོ་མཇུག་བར། བོད་དུ་རིགས་ཁག་གི་ཆེད་ལས་ལག་རྩལ་པ་ཁྲི་8.3དང་རྩལ་ནུས་རྣམ་པའི་ཤེས་ལྡན་པ་ཁྲི་9.3ཟིན་ཡོད། ཉེ་བའི་ལོ་ཤས་རིང་། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་སྐུལ་མ་གཏིང་ཟབ་བཏང་བ་བརྒྱུད། བོད་ཀྱི་སྨན་བཅོས་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད། སློབ་ཞུགས་གོང་གི“སྐད་གཉིས”སློབ་གསོ་ཁྱབ་གདལ་མགྱོགས་པོ་བྱུང་བ་དང་། རྨང་གཞིའི་སློབ་གསོ་དོ་མཉམ་འཕེལ་རྒྱས་བྱུང་བ། འབྲིང་རིམ་ལས་རིགས་གཙོ་གནད་དང་མཐོ་རིམ་ལས་རིགས་སྣེ་འདྲེན་དུ་བྱེད་པའི་སློབ་རྒྱུས་སློབ་གསོ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་ཕན་ཚུན་ཟུང་འབྲེལ་གྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་ཅིག་བཙུགས་ཡོད། 2017ལོར་བོད་ལྗོངས་སློབ་ཆེན་གྱི་སྣོད་བཅུད་རིག་པ་དེ་རྒྱལ་ཁབ་ཀྱི་རིག་ཚན་རྩེ་གྲའི་འཛུགས་སྐྱོང་ནང་བཅུག་ནས་འབུམ་རམས་པའི་སློབ་གནས་ཀྱི་དབང་ཆ་སྤྲོད་པའི་ཚན་པར་ཚད་བརྒལ་བྱུང་ཡོད།
                       2001ལོ་ནས་བཟུང་། ཀྲུང་དབྱང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་30ཙམ་བཏང་ནས་གཙོ་གནད་རིག་དངོས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་རབ་དང་རིམ་པ་ལག་ལེན་བསྟར་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་དམངས་ཀྱི་ཆོད་དད་རང་མོས་དབང་ཆར་བརྩི་འཇོག་བྱས་ནས་མི་རིགས་ཁག་གི་ཆོས་དད་རང་མོས་དབང་ཆར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་སྟེ་ཆོས་ལུགས་ཁག་དང་གྲུབ་མཐའ་ཁག་ཚང་མར་འདྲ་མཉམ་གྱི་བརྩི་འཇོག་དང་སྲུང་སྐྱོང་ཐོབ་ནས་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་དགོས་མཁོ་གང་ལེགས་བསྐངས་ཡོད།
                       བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་བཞིན་ཡོད་ལ། རང་ཉིད་ཀྱི་སྲོལ་རྒྱུན་གྱི་ཡུལ་གོམས་གཤིས་ལུགས་ལྟར་སྤྱི་ཚོགས་ཀྱི་བྱེད་སྒོའི་ནང་ཞུགས་ནས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་དང་། སྤྱི་ཚོགས་ཡར་རྒྱས་གོང་འཕེལ་བྱུང་བ་དང་མི་སྒེར་འཕེལ་རྒྱས་འཐུས་ཚང་བྱུང་བའི་ནང་གནས་དང་གཅིག་གྱུར་བྱུང་ཡོད་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ཀྱི་མི་དམངས་ཚོས་སྤྲོ་སེམས་འཁོལ་བའི་ངང་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་བསྐྱོད་དེ“ལོ་བརྒྱ་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཆེད་འབད་འཐབ་བྱེད་བཞིན་ཡོད།