སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ནམ་ཡང་རྫོགས་མཐའ་མེད།
སྤེལ་དུས 2019-07-23
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ། ཝང་ཧྲན།
2018ལོའི་ཟླ་12ཚེས་15ཉིན། ཉིང་ཁྲི་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་ཁག་གཉིས་པའི་མཚན་སྙན་ཐོབ་པ་དེས། ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཡོད་ལ། ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གིས་ལྗོངས་ཡོངས་དང་ཐ་ན་ནུབ་རྒྱུད་ས་ཁུལ་ལ་ཚད་ཤིང་བཏོད་པ་དང་མིག་དཔེ་ཡང་བསྟན་ཡོད། འོན་ཀྱང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ནམ་ཡང་རྫོགས་མཐའ་མེད། གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།
སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་ལྟ་བ་སློབ་སྦྱོང་དང་། སློབ་གསོ། དྲིལ་བསྒྲགས། ཁྲིད་སྟོན་བཅས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་དམངས་ཡོངས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཏོད་ནས་གྲོན་ཆུང་བག་ཕེབས་དང་། ལྗང་མདོག་ཐཱན་ཉུང་། ཤེས་དཔལ་གྱི་བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དང་འཛད་སྤྱོད་རྣམ་པར་སྐུལ་འདེད་གཏོང་དགོས།
སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་གནས་བབ་གལ་ཆེན་བརྟན་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་ངང་ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་དབྱེ་མཚམས་བཅད་ནས་སྣོད་བཅུད་ས་ཁོངས་ཀྱི་སྲུང་སྐྱོང་ལ་འགན་ལེན་བྱེད་དགོས། སྣོད་བཅུད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྣོད་བཅུད་ཡུལ་སྐོར་ལས་རིགས་དང་ཞིང་འབྲོག་ཁྱད་ལྡན་ཐོན་ལས་ཀྱིས་གཙོས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཁོར་ཡུག་གི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལག་ལེན་བསྟར་ནས་ཁོར་ཡུག་སྦགས་བཙོག་གི་བཅོས་སྐྱོང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་བརྟན་དུ་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེ་རུ་ཏན་ཏིག་གཏོང་དགོས།
འཛུགས་སྐྱོང་བྱེད་སྒོའི་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ཁོར་ཡུག་གི་ཆོག་འཐུས་ལམ་ལུགས་ནན་དུ་བཏང་ནས“མཐོ་གསུམ”ཁེ་ལས་དང་རྣམ་གྲངས་ཉིང་ཁྲི་གྲོང་ཁྱེར་དུ་གཏན་འགོག་བྱས་ཏེ་ཆུ་གློག་དང་། ཡུལ་སྐོར། གཏེར་ཁའི་ཐོན་ཁུངས་བཅས་གསར་སྤེལ་དང་འགྲིམ་འགྲུལ་རྣམ་གྲངས་ཀྱི་འཛུགས་སྐྲུན་ཁོར་ཡུག་གི་ལྟ་འདོམས་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་དགོས།
རྩོམ་སྒྲིག་པ། རིན་སྒྲོལ།