ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཕྱུག་པོ་ཆགས་རྗེས་ཡུལ་མི་སྤུན་ཟླ་བརྗེད་མི་རུང་།

སྤེལ་དུས 2021-08-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          བློ་ཆོས་ནི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་གྲོང་ཚོ་བདུན་པ་ནས་ཡིན་པ་དང་། 2002ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། བློ་ཆོས་ཆུང་དུས་ནས་ས་བབ་མཐོ་ཚད་སྨི་4700ཡན་གྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་འཚོ་བ་བསྐྱལ། དེ་གར་མཐོ་གྲང་གསོ་རླུང་དཀོན་པ་དང་། གནམ་གཤིས་སྐམ་ཤས་ཆེ་བ། རྟག་ཏུ་རླུང་ཆེན་ལྡང་ཞིང་ཁ་བ་ཆེན་པོ་བབས་པ་དང་རང་བྱུང་ཁོར་ཡུག་ཞན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་དེ་གའི་མི་རྣམས་མི་རབས་ནས་མི་རབས་བར་གནམ་ཆུ་སྒུག་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད། 1998ལོར་བློ་ཆོས་ཀྱིས་ལོ་མང་རིང་གི་བཅོལ་དངུལ་སྤྱད་དེ་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་ཞིག་ཉོས་ནས་སྐྱེལ་འདྲེན་བྱས་པས་སྤྱང་གྲུང་ལྡན་ཞིང་འཇོན་ཐང་ཆེ་བ་དང་དཀའ་སྤྱད་སྙིང་རུས་ཆེ་བའི་ཁོང་ལ་ཡོང་འབབ་ཐོག་མ་དེ་བྱུང་བ་རེད། 
          2010ལོར་ཁོང་གིས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་རྙིང་པ་ཞིག་ཉོས་ནས་མུ་མཐུད་སྐྱེལ་འདྲེན་བྱས་པས་ལས་སྒོ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་མང་བ་དང་དཔལ་འབྱོར་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། 2016ལོའི་ལོ་མཇུག་ཏུ་སླེབས་སྐབས་བློ་ཆོས་ལ་ཟོག་འདྲེན་རླངས་འཁོར་གསུམ་དང་ས་བླུག་འཕྲུལ་འཁོར་གཅིག་ཡོད་པ་དང་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་200ལྷག་ཙམ་ཟིན་པའི་སྦྱིན་བདག་ཆུང་ཆུང་ཞིག་ཏུ་གྱུར། 2016ལོ་ཁོ་ནར་ཁོང་གི་ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་60ལྷག་ཙམ་ཟིན་ནས་གྲོང་ཚོའི་ནང་གི་མིང་དོན་མཚུངས་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཏུ་གྱུར་ཡོད།
          གུང་ཁྲན་ཏང་ཡོན་ཞིག་གི་ངོས་ནས་ཕྱུག་པོ་ཆགས་པའི་བློ་ཆོས་ཀྱིས་གྲོང་ཚོའི་ཡུལ་མི་སྤུན་ཟླ་ཚོ་བརྗེད་མྱོང་མེད་པ་དང་། གྲོང་མི་ལ་ལ་སྡོད་ཁང་རྒྱག་པའི་མ་དངུལ་མི་འདང་བའི་སྐབས་སུ་ཁོང་གིས་ཐབས་ཤེས་བཏང་ནས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། གྲོང་མིར་སྨན་རིན་མི་འདང་བའི་སྐབས། ཁོང་གིས་རང་འགུལ་ངང་སྨན་ཁང་ལ་སྐྱེལ་རོགས་དང་སྨན་རིན་སྔ་རྟིང་གཏོང་གི་ཡོད། 
          བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཁོང་གིས་སྔ་རྗེས་སུ་གྲོང་ཚོའི་མང་ཚོགས་དབུལ་པོར་མ་དངུལ་སྒོར་ཁྲི་3ལྷག་ཙམ་དང་ལུག་མགོ་གྲངས་60ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད། ཡུན་རིང་སོང་རྗེས་བློ་ཆོས་ཀྱིས་དེ་ལྟར་བྱེད་པ་ནི་ཕུགས་ཕན་གྱི་བྱེད་ཐབས་ཡག་པོ་ཞིག་མ་ཡིན་པ་དང་། ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ་སྙམ།
          2014ལོའི་ཟླ་7ཚེས་1ཉིན་ཤན་རྩ་གྲོང་རྡལ་གྱི་གྲོང་ཚོ་བདུན་པའི་ཏང་ཡོན་ཚོགས་ཆེན་ཐོག་གྲོང་ཚོའི་ཏང་ཀྲི་པུས་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་རྣམ་གྲངས་བཏོན་སྐབས། བློ་ཆོས་མ་རྐང་ལ་ཞུགས་མཁན་ཐོག་མ་དེ་རེད། ཁོང་གི་སྣེ་ཁྲིད་འོག་གྲོང་ཚོའི་དཔལ་འབྱོར་གྱི་དངོས་ཤུགས་ངེས་ཅན་ལྡན་པའི་གྲོང་མི་ཡང་གཅིག་རྗེས་གཉིས་མཐུད་ངང་མ་རྐང་ལ་ཞུགས་པ་རེད། མཉམ་ལས་ཁང་གིས་གཙོ་བོ་ལུག་ལྤགས་དང་ཀོ་བ་ལས་སྣོན་བྱེད་པ་དང་ཕྱིར་ཚོང་གི་ལས་འགན་ཚང་མ་བློ་ཆོས་གཅིག་པུར་རྟེན་དགོས་ཀྱི་ཡོད། བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཅེས་པ་ལྟར། ཚོང་ལམ་ཡང་རིམ་བཞིན་ལེགས་སུ་སོང་བ་དང་། མཉམ་ལས་ཁང་གི་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་སོང་ནས་གྲོང་མི་ཚོ་རིམ་བཞིན་ཕྱུག་པོ་ཆགས་པ་རེད། 
          སྐྱེལ་འདྲེན་ཐད་བློ་ཆོས་ལ་ཉམས་མྱོང་མང་པོ་ཡོད་ཅིང་། ཁོང་གིས་གྲོང་ཚོའི་ཆ་རྐྱེན་ཡོད་པའི་མང་ཚོགས་ལ་རང་ཉིད་དང་མཉམ་དུ་སྐྱེལ་འདྲེན་ལས་ལ་ཞུགས་པའི་སྐུལ་ལྕག་བྱེད་པ་མ་ཟད། རང་ཉིད་ཀྱི་ཉམས་མྱོང་དང་ཚོང་ཤག་སྦ་གསང་སྤུ་ཙམ་ཡང་མེད་པ་ཚང་མར་ངོ་སྤྲོད་བྱེད་ཀྱི་ཡོད། ཁོང་གི་ཁྲིད་སྟོན་དང་རོགས་རམ་འོག་ཤན་རྩ་རྫོང་གི་གྲོང་ཚོ་བདུན་པའི་གྲོང་མི་ཚེ་རིང་བསམ་གྲུབ་དང་། བུ་ཆུང་། བསྟན་པ་དར་རྒྱས་སོགས་སྔ་རྗེས་སུ་སྐྱེལ་འདྲེན་ལས་ལ་ཞུགས་པས་ཁྱིམ་ཚང་གི་ཡོང་འབབ་ཧ་ཅང་མང་དུ་སོང་ཡོད། གྲོང་མི་སྔར་ལས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱེད་ཆེད། བློ་ཆོས་ཀྱིས་རང་འགུལ་ངང་གྲོང་ཚོའི“ཨུ་ལྷན་གཉིས”ལ“མཉམ་ལས་རྩ་འཛུགས་དང་ཀུང་སི་ཟུང་འབྲེལ”བྱེད་ཐབས་ལ་བརྟེན་ནས་གཡུ་འབྲུག་ཨར་ལས་ཞབས་འདེགས་ཚད་ཡོད་ཀུང་སི་འཛུགས་རྒྱུའི་གྲོས་གཞི་བཏོན་པར་གྲོང་མིའི་ཚོགས་ཆེན་ཐོག་བརྡས་ཐག་བཅད་ནས་བདེ་བླག་ངང་གྲོས་འཆམ་བྱུང་བ་རེད། བློ་ཆོས་ཀྱིས་བློ་ཁོག་ཆེན་པོས་རང་ཁྱིམ་གྱི་རླངས་འཁོར་ཚང་མ་ཀུང་སིར་བཏང་བའི་བྱ་སྤྱོད་ལས་གྲོང་ཚོ་བདུན་པའི་གྲོང་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་ཏེ་མི་དེ་བས་མང་བ་དེར་ཞུགས་པ་རེད། ལོ་གཅིག་གཉེར་སྐྱོང་བྱས་པ་བརྒྱུད། 2017ལོར་གཡུ་འབྲུག་ཨར་ལས་ཞབས་འདེགས་ཚད་ཡོད་ཀུང་སིར་ཡོང་འབབ་སྒོར་ཁྲི་405བྱུང་ནས་གཏོང་སྒོ་ཕུད་ཀུང་སིའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་132.3ལྷག་ཙམ་ཟིན་པ་དང་མང་ཚོགས་11ལས་ཞུགས་ཐུབ་ནས་ཆ་སྙོམས་མི་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད།
          ཕྱུག་པོ་ཆགས་རྗེས་ཡུལ་མི་མ་བརྗེད་པའི་བློ་ཆོས་ཀྱི་སྔོན་ཐོན་བྱས་རྗེས་ཤན་རྩ་གྲོང་རྡལ་དུ་སྐད་གྲགས་ཆོད་ཡོད། 2014ལོ་ནས་ད་བར་བློ་ཆོས་ལ་སྔ་རྗེས་སུ“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་།“དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་སྔོན་ཐོན་ཕྱུག་འགྱུར་སྣེ་ཁྲིད་པ” “ངལ་རྩོལ་དཔེ་བཟང་བ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། མཚན་སྙན་དེ་དག་ལ་ཁོང་གིས“ཡུལ་མི་རྣམས་འབབ་འཕར་ཕྱུག་འགྱུར་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ་དེ་ནི་ཏང་གི་སྲིད་ཇུས་བཟང་པོ་ཡོད་པས་རེད། ང་ཚོས་རླབས་ཆེན་གྱི་དུས་རབས་འདིར་དྲིན་ཚོར་དགོས། ཏང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་ཡིད་ཆེས་ཡོད”ཅེས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོལ།