ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

རླབས་ཆེན་འཕོ་འགྱུར་ངོ་མཚར་ཆེ། སླར་ཡང་འོད་སྟོང་གསར་པ་གཏོད།

སྤེལ་དུས 2021-08-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ལོ་ངོ་70ཡི་རིང་ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་གྱི་གནམ་ས་སྒྱུར་བ་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་སྒྱུར་བཅོས་སྒོ་དབྱེ་བྱས་པའི་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ནས་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་། སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དང་མི་དམངས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཡང་དེ་སྔ་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།
           གུང་ཁྲན་ཏང་མེད་ན་བོད་ལྗོངས་གསར་པ་མེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་དང་སྲིད་ཇུས་རྦད་དེ་ཡང་དག་པ་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཡོད། ད་ཆ་གངས་ལྗོངས་ས་མཐོར་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
           མི་དམངས་ལ་བཅིངས་འགྲོལ་ཐོབ་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ།
           བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་བའི་མཚམས་སུ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་སྐྱེད་པ་གྲོང་ཚོའི་ལོ་77ལ་སླེབས་པའི་རྡོ་ལེགས་གཞོན་པས་ས་གནས་དེ་གའི་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་བར་མྱོང་ཚོར་ཟབ་མོ་བྱུང་བཞིན་དུ“བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བས་ང་ཚོ་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་མཁན་གྱི་བདག་པོར་གྱུར་ཡོད”ཅེས་བཤད།
           ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། དུས་རབས་20པའི་ལོ་རབས་བཞི་བཅུ་ལྔ་བཅུར་མི་རིགས་བཅིངས་འགྲོལ་གྱི་ལས་འགུལ་འཛམ་གླིང་ཡོངས་སུ་སྤེལ་བའི་སྐབས་སུ། གངས་ལྗོངས་ས་མཐོར་གནས་པའི་བོད་འདི་ནི་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སུ་གནས་པ་དང་། མི་འབོར་གྱི་5%ཡང་མ་ཟིན་པའི་མངའ་བདག་ཆེན་པོ་གསུམ(སྐུ་དྲག་དང་། དགོན་སྡེ། ས་གནས་སྲིད་གཞུང་རྙིང་པ)གྱིས་ཐོན་སྐྱེད་རྒྱུ་ཆ་ཧ་ལམ་ཆ་ཚང་བཟུང་ཡོད་པ་དང་མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་གང་ཡང་མེད་ཅིང་ཆབ་སྲིད་ཀྱི་དབང་ཆ་མེད་ལ་འགྲོ་བ་མིའི་ཐོབ་ཐང་ཡང་མེད།
           1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ“གྲོས་མཐུན་དོན་ཚན་བཅུ་བདུན”བཞག་སྟེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ནས་བོད་འདི་ཉིད་དེང་རབས་ཤེས་དཔལ་ཕྱོགས་སུ་སྐྱོད་པའི་སྒོ་མོ་དང་པོ་ཕྱེ་བ་རེད།
           བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད། 1959ལོའི་དཔྱིད་ཀར་ཀྲུང་དབྱང་སྲིད་གཞུང་གིས་བོད་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་ཀྱི་ལམ་ལུགས་ལ་དམངས་གཙོའི་བཅོས་སྒྱུར་བྱས་པས་བཅིངས་འགྲོལ་ཐོབ་པའི་ཞིང་བྲན་ཁྲི་ཚོ་བརྒྱར་ཐོན་སྐྱེད་ཀྱི་སེམས་ཤུགས་ཚད་མེད་འཕེལ་ཡོད། 1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་དང་དེའི་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་ནས་བོད་ཀྱི་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རྒྱལ་ཡོངས་དང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་གཏན་འབེབས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་མང་པོ་དེ་འདྲ་སྔར་བྱུང་མྱོང་མེད་པ་དང་གཏན་འཁེལ་གནང་བའི་རྣམ་གྲངས་གལ་ཆེན་ལས་ཕན་པ་ཐོབ་ཁྱོན་སྔར་བྱུང་མྱོང་མེད་པས། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐེབས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
           ད་ཆ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ཡོད། བསྡོམས་རྩིས་ལས་མངོན་པར། 2020ལོར་སླེབས་སྐབས་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལས་བརྒལ་བ་དེ་1951ལོའི་ལྡབ་1473ཡིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ནས་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཏེ་དེ་སྔའི་ཆུ་ཟོམ་ནས་ད་ལྟའི་ཆུ་ཀ་ལའི་བར་དང་། སྣུམ་སྒྲོན་ནས་གློག་སྒྲོན་བར། རྐང་ལམ་ནས་སྣུམ་ནག་ལམ་བར་བཅས་ཡར་རྒྱས་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་བྱུང་ཡོད།
           རྗེས་སུ་རྒྱུག་པ་ནས་མཉམ་རྒྱུག་བྱེད་པའི་བར་འཕེལ་རྒྱས་བྱུང་ནས་ལེགས་ཆ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་པ།
           ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་ཐོག་ཡུལ་སྐོར་རིག་གནས་དང་། ས་མཐོའི་སྐྱེ་དངོས། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུ། མཐོ་གསར་གྲངས་འཛིན། མཐའ་ཚོང་ཟོག་འགྲེམས་བཅས“ཐོན་ལས་ཆེན་པོ་བདུན”ལ་བརྩིས་ནས་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་ཐོན་ལས་འཛུགས་སྐྲུན་ལས་དོན་འཕེལ་རྒྱས་མགྱོགས་པོ་བྱུང་ནས་ཐོན་ལས་ཆེན་པོ་བདུན་གྱི་འཕར་ཐང་སྒོར་དུང་ཕྱུར་1900ལྷག་ཟིན་ཏེ་འཕེལ་རྒྱས་ཀྱི་ཕན་འབྲས་རིམ་བཞིན་མངོན་ཡོད་པ་རེད།
           2020ལོར་བོད་རང་སྐྱོང་ལྗོངས་ཀྱི་GDPའཕར་ཚད་7.8%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཁག་གི་ཨང་དང་པོར་སླེབས་པ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལྷག་ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%དང་12.7%སོ་སོར་འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ནང་འཕེལ་རྒྱས་འགྲོ་འགོར་ཡང་རྗེས་སུ་སྙེག་ཅི་ཐུབ་ཀྱི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་ནས་འཕེལ་རྒྱས་ཀྱི་མྱུར་ཚད་གསར་པ་བཏོད་ཡོད་པ་རེད།
           “རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་གཏོང་དང་ཡུལ་སྐོར་ལས་རིགས་དར་རྒྱས་བྱུང་བ་ནི་བོད་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གཙོ་བོ་གཉིས་ཡིན”བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲོའུ་ཡུང་གིས། ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་ཁོར་ཡུག་ནི་བོད་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ཡག་ཤོས་གཉིས་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96རག་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་2.3དང་ལྡབ་2.4སོ་སོར་ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་ཁྲི་7.5དབུལ་སྒྲོལ་ཐུབ་པར་སྐུལ་ཁྲིད་ཐེབས་པ་དང་། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་གཏིང་ཤུགས་ཆེན་པོ་མངོན་ཡོད་པ་རེད།
           གྲངས་འཛིན་ཐོན་ལས་ཀྱང་ཉེ་བའི་ལོ་ཤས་རིང་བོད་ཀྱི་འཕེལ་རྒྱས་ཅུང་མགྱོགས་པའི་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། 2020ལོའི་ལོ་མཇུག་ཏུ། བོད་ཀྱི་ཆ་འཕྲིན་ཅན་གྱི་སྟོན་གྲངས་2015ལོའི་63.3ནས་75.8བར་མཐོ་རུ་ཕྱིན་པ་དང་། བོད་ཀྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཁེ་ལས་ཀྱི་གྲངས་འབོར་300ལས་བརྒལ་ཏེ་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་330ལྷག་ཟིན་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
           “བོད་ཀྱི་དཔལ་འབྱོར་རྗེས་སུ་རྒྱུག་པ་ནས་མཉམ་རྒྱུག་བྱེད་པའི་བར་འཕེལ་རྒྱས་བྱུང་བ་དང་ཐ་ན་ས་མཐོའི་སྐྱེ་དངོས་དང་། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ་སོགས་ལས་རིགས་ཁྱབ་ཁོངས་ནང་སྣེ་འདྲེན་དུ་གྱུར་ནས། བོད་ཀྱི་དཔལ་འབྱོར་གྱི་རྗེས་འཕེལ་ལེགས་ཆ་མངོན་གསལ་དོད་དུ་ཕྱིན་ཡོད། འཕེལ་རྒྱས་ཀྱི་མྱུར་ཚད་དང་མཉམ་དུ་བོད་ཀྱིས་འགུལ་ནུས་གསར་པ་འཕེལ་རྒྱས་གཏོང་ཤུགས་རིམ་བཞིན་ཆེ་རུ་བཏང་ནས་ལས་གཏོད་གསར་གཏོད་ཀྱི་གསོན་ཤུགས་མཉམ་དུ་རྒྱས་ཡོད” ལོ་མང་པོའི་འཕེལ་རྒྱས་བརྒྱུད་བོད་ལ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཆགས་ཡོད་ཅེས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུངས་པ་རེད།
           འཆར་གཞི་གསར་རྐྱང་བཀོད་དེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་བ།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གིས་བསྟུད་མར་ལོ་ལྔའི་རིང་ཁ་གཏད་བོད་སྐྱོར་བྱེད་ཟབ་ཏུ་གཏོང་བའི་དབུལ་སྐྱོར་ལས་དོན་ཚོགས་འདུ་འཚོགས་ནས“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པ”སོགས་ཀྱི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ་དང་། གནད་སྨིན་ཇུས་འདོན་དང་གནད་སྨིན་རོགས་སྐྱོར་བརྒྱུད་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་སྟེ་མི་རིགས་ཁག་གི་མི་དམངས་ཀྱིས་ལྟོ་གོས་ལ་སེམས་ཁྲལ་བྱེད་མི་དགོས་པ་མ་ཟད། ད་དུང་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ཀྱང་འགན་ལེན་བྱུང་ཡོད་པ་རེད། 2019ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་བྱུང་བ་དང་། རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་དེ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པར་བཟོས་པ་དང་། མིག་སྔར་དབུལ་སྒྲོལ་ཐུབ་མཁན་ཚོའི་ལོ་རེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1བརྒལ་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་ས་གནས་ཁག་གི་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གོམ་ཞེང་ཆེན་པོས་བསྐྱོད་ཡོད་པ་རེད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་གངས་ལྗོངས་ས་མཐོར་བཏོད་པའི་མཛད་རྗེས་རླབས་པོ་ཆེ་ཞིག་རེད།
           “དམངས་གཙོའི་བཅོས་སྒྱུར་ལས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་ངོ་སྟོང་ཕྲག་བརྒལ་བའི་འཕེལ་རྒྱས་བྱུང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་བོད་ཀྱི་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་ཐད་ལོ་ངོ་སྟོང་ཕྲག་བརྒལ་བའི་མཆོང་སྐྱོད་བྱུང་ཡོད” འདི་ལོའི་ཟླ་5ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། ཕྱི་ཕྱོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་བོད་ལ་འཕོ་འགྱུར་ཆེན་པོ་བྱུང་བ་ཕྱོགས་ཡོངས་དང་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་ཡོད་པ་རེད།
           བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ལོ་ངོ་བདུན་ཅུའི་རིང་ལ་ཕྱིར་དྲན་བྱེད་སྐབས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཁྲུན་ཧོན་གྱིས“གྲུབ་འབྲས་འདི་དག་ཐོབ་པ་ལས་ང་ཚོས་ཀྲུང་དབྱང་སྲིད་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་མཁས་མཛངས་དང་རླབས་ཆེན་གཏིང་ཟབ་ཚོར་ཐུབ”ཅེས་བཤད་པ་རེད།
           དེང་སྐབས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཞིབ་ཅིང་ཕྲ་ལ་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། བོད་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་མཆོང་སྐྱོད་བྱུང་བ་དང་ཆབས་ཅིག་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་ཀྱང་རེད།
           “དབུལ་སྒྲོལ་འགག་སྒྲོལ་བརྒྱུད་བོད་ལ་འགོག་རྐྱེན་བཟོ་བའི་ལོ་རྒྱུས་རང་བཞིན་གྱི་དཀའ་གནད་ཐག་གཅོད་ཐུབ་ཡོད” མིག་སྔར་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྔོན་དཔག་བྱས་ན་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཉེ་བ་ཙམ་ཟིན་རྒྱུ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དམིགས་ཚད་གཙོ་བོ་ཁག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཉེ་བ་ཙམ་ཟིན་པ། སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་བཅས་བྱུང་ནས། 2035ལོར་སླེབས་སྐབས་དུས་རྒྱལ་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་ཐུབ་ངེས་རེད་ཅེས་ཆེ་དགྲ་ལྷས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།