ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཕན་ཚུན་སློབ་སྦྱོང་དང་རོགས་རམ་བྱས་ནས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད།

བོད་ཀྱི་མི་སེར་གྱི་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས།

སྤེལ་དུས 2021-08-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           “ཚལ་འདེབས་སྐབས་གང་མང་མང་འདེབས་རྒྱུ་དེ་མིན་པར་ཐོན་འབབ་མང་དུ་གཏོང་བ་དང་ཆབས་ཅིག་སྔོ་ཚལ་གྱི་སྤུས་ཚད་འགན་ལེན་བྱ་རྒྱུ་དེ་ཡིན། དེ་ལྟར་བྱས་ཚེ་ཡག་པོ་འཚོང་ཐུབ” བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྒྱ་རྭ་ཁ་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་དྲོད་ཁང་ནང་གི་སྔོ་ཚལ་སྣ་ཚོགས་སྐྱེ་འཚར་ལེགས་པ་དང་ལག་རྩལ་གྱི་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེན་ཆན་གྱིས་ས་གནས་དེ་གའི་བོད་རིགས་མང་ཚོགས་དང་མཉམ་དུ་སྔོ་ཚལ་འདེབས་འཛུགས་བྱེད་སྟངས་ལ་གྲོས་བསྡུར་བྱེད་བཞིན་འདུག
           ཁྲེན་ཆན་1971ལོར་སྐྱེས་པ་དང་། ཧུའུ་པེའི་ཐུའུ་ཅ་རིགས་ཡིན། ལོ་21གོང་ཁོང་གཅིག་པུ་བོད་དུ་སྔོ་ཚལ་འདེབས་འཛུགས་བྱེད་པར་ཡོང་ཞིང་། ཕྱིས་སུ་ཚན་རྩལ་ཆེད་མངགས་པར་གྱུར་ནས་ཞིང་པར་དྲོད་ཁང་ནང་གི་སྔོ་ཚལ་འདེབས་འཛུགས་ལག་རྩལ་སློབ་ཀྱི་ཡོད།
           2014ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་མུའུ་ཁྲི་ཟིན་པའི་སྔོ་ཚལ་དྲོད་ཁང་གི་འདུ་འགོད་ལག་ལེན་བསྟར་བ་དང་། ཁྲེན་ཆན་གྱིས་སྣེ་ཁྲིད་དེ་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་དང་ཀུང་སི་ཞིག་བཙུགས་པ་དང་འབྲེལ་སྔ་རྗེས་སུ་སྔོ་ཚལ་རྟེན་གཞི་6བསྐྲུན་པ་དེའི་ནང་རྒྱ་རྭ་ཁ་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཚུད་ཡོད།
           རྟེན་གཞི་དེས་རྒྱ་རྭ་ཁ་གྲོང་ཚོའི་ས་ཞིང་མུའུ་280བོགས་མར་བླངས་ནས་དྲོད་ཁང་95བསྐྲུན་ཏེ་སྔོ་ཚལ་སྣ་ཁ་20ལྷག་ཙམ་བཏབ་པར་ལོའི་ཐོན་འབབ་སྤྱི་རྒྱ་ཁྲི་168ཟིན་གྱི་ཡོད། ཉིང་ཁྲིར་སྔོ་ཚལ་བཙོངས་པ་ཕུད། ད་དུང་ལྷ་ས་དང་གཞིས་རྩེ་སོགས་སུ་བཙོངས་པར་ལོ་རེའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་900ཙམ་ཟིན་གྱི་ཡོད།
           ས་ཞིང་བརྒྱུད་བཤུག་བྱས་རྗེས་གྲོང་མི་ཚོ་ཞིང་དལ་སྐབས་རྟེན་གཞིར་ལས་མི་བྱས་ནས་འདེབས་འཛུགས་ལག་རྩལ་སྦྱོང་གི་ཡོད། གྲོང་མི་ཁྱི་སྐྱག་གིས“ང་ཚོའི་ཁྱིམ་གྱིས་ས་ཞིང་མུའུ་6བརྒྱུད་བཤུག་བྱས་པ་ཡིན། སྔོན་ཆད་ནས་དང་། གྲོ ཨ་ཤོམ་བཅས་བཏབ་པར་ལོ་གཅིག་ལ་ས་ཞིང་མུའུ་རེ་ནས་ཡོང་འབབ་སྒོར་ལྔ་བརྒྱ་དྲུག་བརྒྱ་ཙམ་ལས་ཡོང་གི་མེད། ད་ཆ་མུའུ་རེ་ནས་བོགས་གླ་སྒོར་1350རག་པ་དང་། ད་དུང་ཞིང་དལ་སྐབས་ངས་འདི་གར་ལས་མི་བྱེད་པར་བསྐྱོད་ན་ཟླ་རེར་ཡོང་འབབ་སྒོར་3500ལྷག་ཙམ་ཡོང་གི་འདུག”ཅེས་བཤད།
           “ང་ཚོའི་གྲོང་ཚོར་དུད་ཚང་51དང་མི་254ཡོད་པའི་ནང་དུད་ཚང་40ཡི་གྲོང་མིར་ས་ཞིང་བརྒྱུད་བཤུག་གི་དངུལ་རག་གི་ཡོད། ལོ་ལྟར་གྲོང་ཚོར་ས་ཞིང་བརྒྱུད་བཤུག་གི་དངུལ་སྒོར་ཁྲི་35ལྷག་ཙམ་ཟིན་གྱི་ཡོད” རྒྱ་རྭ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་ཐོགས་ཀྱིས་གྲོང་མི་ཚོས་རྟེན་གཞིར་ལས་མི་བྱེད་པ་དང་། ལག་རྩལ་སྦྱོང་བ། རང་གིས་དྲོད་ཁང་བསྐྲུན་པ། སྔོ་ཚལ་འདེབས་པ་བཅས་བྱས་པས་ཡོང་འབབ་མང་དུ་ཕྱིན་ཏེ། ན་ནིང་རྒྱ་རྭ་ཁ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.9ལྷག་ཙམ་ཟིན་ཡོད་ཅེས་བཤད།
           ལོ་འགའི་རིང་། ཁྲེན་ཆན་གྱི་སྔོ་ཚལ་རྟེན་གཞི་དྲུག་ཚང་མར་ཉིན་ལྟར་ལས་མི་བྱེད་མཁན་དང་ལག་རྩལ་སྦྱོང་མཁན་གྱི་བོད་རིགས་མང་ཚོགས་ཡོད་ལ་ལྷག་དོན་དུ་མེའོ་རིགས་དང་། དབྱིས་རིགས། ཏའེ་རིགས་བཅས་ཀྱི་ཚལ་འདེབས་ཞིང་པའང་དེའི་ནང་ཞུགས་ཀྱི་ཡོད། དེ་གར་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་རོགས་རེས་དང་། སློབ་སྦྱོང་། མྱོང་ལེན་བཅས་བྱེད་ཀྱི་ཡོད།
           གཞིས་རྩེ་གྲོང་ཁྱེར་རྟ་མགྲིན་བཟང་ཆུ་རང་བྱུང་གཏེར་ཆུ་བཟོ་གྲྭར་ཐུང་ཁྲུན་ལེང་གིས་འགྱིག་དམ་ནང་གི་གཏེར་ཆུ་དབོར་བཞིན་འདུག “དེ་རིང་ཅོག་བུ་ཆུང་གི་བཟོ་གྲྭའི་ནང་ལས་ཀ་བྱེད་མཁན་འདང་གི་མི་འདུག བྱས་ཙང་ང་རོགས་པར་ཡོང་བ་ཡིན”ཞེས་བཤད།
           “ང་དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་ཅོག་བུ་ཆུང་གིས་ང་ལ་རོགས་པ་བྱས་བྱུང”ཐུང་ཁྲུན་ལེང་གིས་བརྗོད་པའི་བུ་ཆུང་ནི་གཞིས་རྩེ་གྲོང་ཁྱེར་རྟ་མགྲིན་བཟང་ཆུ་རང་བྱུང་གཏེར་ཆུ་བཟོ་གྲྭའི་འགན་འཁུར་བ་ཡིན་ལ་ཐུང་ཁྲུན་ལེང་གི་ཁང་བདག་ཀྱང་ཡིན།
           “འོན་ཀྱང་ངའི་ངོས་ནས་བརྗོད་ན་ང་གཉིས་ནི་ཡུན་རིང་མཉམ་དུ་འགྲོགས་པའི་གཅེན་གཅུང་ལྟ་བུ་རེད”ཅེས་ཐུང་ཁྲུན་ལེང་གིས་བཤད།
           2008ལོར་ཐུང་ཁྲུན་ལེང་གིས་ནང་མི་བདུན་ཁྲིད་དེ་ཀྲེ་ཅང་ཐའེ་ཀྲོའུ་ནས་གཞིས་རྩེ་གྲོང་ཁྱེར་དུ་ཡོང་། གཞིས་རྩེར་སླེབས་རྗེས་ཁྱིམ་ཆས་བཟོ་བ་དང་། ཐོག་མར་ཁྱིམ་ཆས་བཟོ་སྐབས་ལམ་འགྲོ་དེ་ཙམ་རྒྱུག་པོ་བྱུང་མེད། 2014ལོར་ཁང་གླ་ཁེ་བའི་དབང་གིས་བུ་ཆུང་ཐུང་ཁྲུན་ལེང་གི་ཁང་བདག་ལ་གྱུར། ཁོང་གིས་ད་རེས་ཀྱི་ཁང་པ་གཡར་ས་ནས་གཏན་ནས་བྲལ་འདོད་མི་འདུག་ཅེས་བཤད།
           ཁང་པ་གསར་པར་སྤོས་ཀྱང་ཁྱིམ་ཆས་བཟོ་གྲྭའི་ཚོང་སྔར་བཞིན་ཡག་ཏུ་ཕྱིན་མེད། བུ་ཆུང་གིས་ཐུང་ཁྲུན་ལེང་གི་འཚོ་བའི་ཐད་དཀའ་ངལ་ཡོད་པ་མཐོང་ནས་རྒྱུན་དུ་རོགས་རམ་བྱེད་ཀྱི་ཡོད། བུ་ཆུང་གིས“ཁང་གླ་བྲེལ་བ་མི་འདུག དངུལ་ཡོད་དུས་སྤྲད་ན་འགྲིག གནས་སྡོད་ལག་ཁྱེར་གཉེར་ཚར་བ་ཡིན་ནམ། གཉེར་ཚར་མེད་ན་ངས་གཉེར་རོགས་བྱས་ཆོག”ཅེས་བཤད།
           ཤིང་བཟོ་བ་ཡིན་པའི་བུ་ཆུང་གིས་ད་དུང་རང་འགུལ་ངང་ཐུང་ཁྲུན་ལེང་ལ་བོད་བཟོའི་ཁྱིམ་ཆས་བཟོ་སྟངས་སློབ་ཀྱི་ཡོད་པ་དང་། ཁོང་ལ་ཕྱིར་ཚོང་གི་ཐབས་ལམ་འཚོལ་རོགས་བྱས་པས་ཁྱིམ་ཆས་རིམ་བཞིན་བྲིན་ཁ་རྒྱུག་ཏུ་ཕྱིན་ཡོད།
           དེར་བརྟེན་བུ་ཆུང་གིས“མི་ཚང་མར་གནས་ཚུལ་འདི་འདྲ་འཕྲད་སྲིད། ངས་གཏེར་ཆུ་བཟོ་གྲྭ་གཉེར་སྐབས་རྒྱ་རིགས་གྲོགས་པོའི་རོགས་རམ་ཐོབ་བྱུང”ཞེས་བཤད།
           2006ལོར་བུ་ཆུང་ལ་གཏེར་ཆུ་བཟོ་གྲྭ་འཛུགས་རྒྱུའི་བསམ་བློ་འཁོར། འོན་ཀྱང་ལག་རྩལ་དང་། སྒྲིག་ཆས། མི་སྣ་སོགས་ཕྱོགས་གང་སར་དཀའ་ངལ་ཆེན་པོ་འཕྲད། 2007ལོར་གཏེར་ཆུ་བཟོ་གྲྭ་བསྐྲུན་མ་ཐག་པའི་སྐབས་སུ་བུ་ཆུང་གིས་ཤིས་ཨན་ནས་ཡོང་བའི་ལག་རྩལ་མི་སྣ་གཉིས་དང་འབྲེལ་བ་བྱས།
           ཐོན་སྐྱེད་བྱེད་སྟངས་དང་། སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ། ཆུ་སྤུས་ལ་ཞིབ་བཤེར་ཚད་ལེན་སོགས་བྱས། ཟླ་བ་གསུམ་ཙམ་རིང་ལག་རྩལ་མི་སྣ་གཉིས་ཀྱིས་ལག་རྩལ་ཞིབ་ཚགས་བསླབས་པས་གཏེར་ཆུ་བཟོ་གྲྭའི་ལས་བཟོར་ཆེད་ལས་རྩལ་ནུས་ལག་ཁྱེར་རག་ཡོད། 2008ལོར་གཏེར་ཆུ་བཟོ་གྲྭ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས།
           “སྐབས་དེ་དུས་ཁོང་ཚོར་ཟླ་རེར་གླ་ཆ་སྒོར་3000ལས་མེད། འོན་ཀྱང་བཟོ་གྲྭའི་ནང་དུ་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད”ཅེས་བུ་ཆུང་གིས་བཤད།
           བུ་ཆུང་གི་ཕ་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་ཡིན་པ་དང་། ཨ་མ་བོད་རིགས་ཡིན་པས་ཁོང་ཆུང་དུས་ནས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་དུ་འཚར་ལོངས་བྱུང་ཡོད། “ཏང་ཡོན་ཞིག་ཡིན་པའི་ངོས་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པར་ཉེ་འགྲམ་གྱི་དོན་ཆུང་ནས་འགོ་འཛུགས་དགོས”ཅེས་བཤད། ན་ནིང་ཏོག་གསར་རིམས་ནད་ཐོན་རྗེས། བུ་ཆུང་གིས་ཝུའུ་ཧན་ལ་སྒོར་ཁྲི་5ཞལ་འདེབས་ཕུལ་བ་དང་། གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་གཏེར་ཆུ་འགྱིག་དམ་800ལྷག་ཙམ་ཕུལ་བ་མ་ཟད། ད་དུང་ཐུང་ཁྲུན་ལེང་གི་ཁང་གླ་རྩ་ཆག་བཏང་བ་རེད།
           གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྲོང་མི་ཨུ་ལྷན་གནས་སའི་སྲང་ལམ་ཞིག་ཏུ་ཧུའེ་རིགས་ཚོང་པ་མཱ་ཀ་ཏུང་དང་ཁོང་གི་བཟའ་ཟླ་བཀྲ་ཤིས་གཡང་འཛོམས་གཉིས་ཀྱི་གྱོན་ཆས་ཚོང་ཁང་ཞིག་ཡོད། ཉེ་བའི་ལོ་ཤས་ནང་མཱ་ཀ་ཏུང་གིས་ད་དུང་པ་སྣམ་དང་རྒྱལ་རྩེ་རྫོང་སོགས་ཀྱི་གྲོང་གསེབ་གྲོང་མིར་བཟོ་གྲྭའི་གྱོན་ཆས་བཟོ་བའི་ལག་རྩལ་གསོ་སྦྱོང་བྱས་ནས་ཁོང་ཚོར་རྩལ་ནུས་སློབ་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད།
           ཁྲེན་ཆན་དང་། བུ་ཆུང་། མཱ་ཀ་ཏུང་སོགས་དང་འདྲ་བའི་མི་དཀྱུས་མ་འདི་དག་གིས་རྒྱུན་གཏན་འཚོ་བའི་བྱ་བ་ཆུང་ཙག་ཁྲོད་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རོགས་རམ་གྱིས་མཉམ་དུ་ཕྱུག་འགྱུར་བྱེད་བཞིན་ཡོད། དེ་ལྟར་བྱས་ཚེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་བཞད་ནས་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་ཐུབ།
རྩོམ་སྒྲིག་པ། བདེ་སྒྲོལ།