ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

སྤེལ་དུས 2021-09-01 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པའི”རིམ་སྤེལ་དཔྱད་གཏམ་དྲུག་པ།
            བོད་ནི་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་སྐྱེ་ཁམས་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཡག་པོ་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཁྲིད་སྟོན་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འགོ་ཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། སྔར་ན་མེད་པའི་མཐོང་ཆེན་བྱེད་ཚད་དང་། མ་དངུལ་གཏོང་ཤུགས། ལས་དོན་སྤེལ་ཤུགས། དམངས་ཕན་ཁྱབ་ཚད་སོགས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་བོད་ལྗོངས་འདི་ཉིད་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་སུ་གྱུར་ཡོད། འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པར་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མངག་བཅོལ་ཟབ་མོ་དང་རེ་བ་ནན་པོ་སེམས་ལ་བརྟན་པོར་འཆང་བ་ཞིག་ཡིན་པས། དེ་ནི་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་སོགས་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་སྐྲུན་པའི་ལྡོག་མེད་ཀྱི་བླང་བྱ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཐད་ནུས་ཤུགས་ཡོད་རྒུས་རྣམ་པ་གསར་པ་དང་ལེའུ་གསར་པ་རྩོམ་པའི་ལྡོག་མེད་ཀྱི་བླང་བྱ་བཅས་ཡིན།
            སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས་དོན་དང་། སྐྱེ་ཁམས་ཤེས་དཔལ་གང་འདྲ་ཞིག་འཛུགས་སྐྱོང་བྱེད་པ། སྐྱེ་ཁམས་ཤེས་དཔལ་ཇི་ལྟར་འཛུགས་སྐྱོང་བྱེད་པ་སོགས་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ལ་ལན་གསལ་པོ་བསྐྱོན་ཡོད། དེའི་ནང་རིན་ཐང་གི་ལྟ་བ་ཡོད་ལ་བརྟག་ཐབས་སྨྲ་བ་ཡང་ཡོད་པས་དེ་ནི་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་གཞི་འཛིན་ས་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་། གོ་བ་གཏིང་ཟབ། ལག་ལེན་ཧུར་ཐག་བཅས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པ”དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ང་ཚོར་བཅོལ་བའི་མངག་བཅོལ་གལ་ཆེན་ཡིན་པ། ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་དོར་ཐབས་མེད་པའི་འགན་འཁྲི་གལ་ཆེན་དང་གཟི་བརྗིད་ཀྱི་ལས་འགན་ཞིག་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། རང་རྟོགས་ངང་ཆབ་སྲིད་དང་སྤྱི་ཡོངས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་དེ་མེས་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་སྐྲུན་པའི་གསོན་ཉམས་དོད་པའི་ལག་ལེན་དུ་ཏན་ཏིག་འགྱུར་བ་བྱེད་དགོས།
            སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱ་ཐབས་དོན་འཁྱོལ་ལ་སྣང་ཆེན་བྱས་ནས་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཚན་རིག་དང་མཐུན་པའི་རང་བྱུང་ལྟ་བ་དང་། སྲུང་སྐྱོང་སྔོན་འཇོག་དང་འཛུགས་སྐྱོང་གལ་ཆེ་མཉམ་དུ་འཛིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལྟ་བ། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་དམངས་འཚོའི་བདེ་རྩར་ཕན་པ་ཆེ་ཤོས་ཡིན་པའི་གཞི་རྩའི་དམངས་འཚོའི་ལྟ་བ་བཅས་ལ་དམ་པོར་དམིགས་ནས། དགུང་སྔོན་དང་། ཆུ་བཟང་། ས་གཙང་བཅས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་མུ་མཐུད་ལག་ལེན་གཏིང་ཟབ་བསྟར་བ་དང་། དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་གཅིག་སྡུད་འགག་སྒྲོལ་བཅས་བྱས་ནས། དགུང་སྔོན་གྱི་གདིང་གཞི་བརྟན་སྲུང་དང་། བོད་ཀྱི་ཆུ་བཟང་སྲུང་སྐྱོང་། ས་གཙང་གི་སྤུས་རྟགས་གཏོད་པ་བཅས་བྱེད་དགོས། སྐྱེ་ཁམས་འདུ་འགོད་དང་། ནུས་བསྲི་འབུད་ཉུང་། ཁོར་ཡུག་བཅོས་སྐྱོང་། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔེ་སྟོན་འཛུགས་སྐྱོང་ཧུར་ཐག་བྱེད་པ། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྐྱས་སྤོས་རྩྭ་གསོ་དང་། འདམ་ར་སྲུང་སྐྱོང་། འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་སོགས་གཙོ་གནད་འདུ་འགོད་རྒྱུན་མཐུད་ངང་ལག་བསྟར་ཡག་པོ་བྱེད་དགོས། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་བསྲུངས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྲུན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
            སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལྗང་མདོག་གི་རྨང་གཞི་བརྟན་པོ་བཙུགས་ནས་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྐྱེ་ཁམས་ལ་བརྟེན་ནས་དམངས་ཕྱུག་དམངས་ཕན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཟུང་འབྲེལ། མཐའ་མཚམས་འཛུགས་སྐྲུན་དང་ཟུང་འབྲེལ་བཅས་བྱས་ཏེ་འབབ་རྒྱུད་བཅོས་སྐྱོང་དང་། བྱེ་འགོག་བྱེ་བཅོས། ཤིང་འཛུགས་ནགས་བཟོ། སྤྱི་ཕན་ནགས་ཚལ་འགོག་སྲུང་བཅས་གྱི་ལས་དོན་ནང་མང་ཚོགས་རྒྱ་ཁྱབ་ངང་ཞུགས་སུ་བཅུག་ནས་མང་ཚོགས་དེ་བས་མང་བར་སྐྱེ་ཁམས་ལ་བརྟེན་ནས་འབབ་འཕར་དང་ཕྱུག་འགྱུར་ཡོང་བ་བྱེད་དགོས། དམངས་ཡོངས་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། རང་རྟོགས་ངང་སྐྱེ་ཁམས་ཀྱི་འདུ་ཤེས་འཇགས་པ་བཅས་བྱེད་པའི་ཁྲིད་སྟོན་བྱས་ནས་སྐྱེ་ཁམས་ཤེས་དཔལ་ཚང་མས་འཛུགས་སྐྱོང་དང་ཁོར་ཡུག་བཟང་པོ་ཚང་མས་མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་ཞིག་ཆགས་པ་བྱས་ཏེ། གངས་ལྗོངས་ས་མཐོའི་ནམ་མཁའ་ནམ་ཡང་སྔོ་ཞིང་དྭངས་བ་དང་། ཆུ་མོ་ནམ་ཡང་དྭངས་ཤིང་གཙང་བ། མཁའ་རླུང་ནམ་ཡང་གཙང་བ་བཅས་ཡོང་བར་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།