ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

སྤེལ་དུས 2021-09-18 ཡོང་ཁུངས། བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། རྩོམ་པ་པོ། ངག་དབང་དོན་གྲུབ་ཀྱིས་བསྒྱུར།
           སྟོན་ཟླ་དགུ་པའི་ནམ་མཁའ་གཡའ་དག་ཅིང་མཁའ་རླུང་བསིལ། དུས་དེར་བོད་ལྗོངས་ལྷ་སའི་སྐྱིད་ཆུའི་ངོགས་སུ་སྤྲོ་གསེང་ལ་ཕེབས་ཚེ། སྤང་ལྗོངས་མཛེས་ལ་རྒྱང་ནས་བལྟས་ཚེ་གཙང་ངོས་ཀྱི་འོད་མདངས་ལམ་ལམ་འཚེར་ཞིང་རླབས་ཕྲེང་མཁའ་ལ་ཡང་ཡང་འཕྱོ། 
           ལྷ་སའི་སྐྱིད་ཆུའི་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱིས་ལྷ་སའི་གྲོང་མི་དང་ཡུལ་སྐོར་བ་གྲངས་མེད་ཀྱི་ཡིད་དབང་བཀུག་ཡོད། གྲོང་མི་བཀྲ་ཤིས་ཕུན་ཚོགས་ཀྱི་ཁྱིམ་ནི་སྐྱིད་ཆུའི་འགྲམ་དུ་ཆགས་ཤིང་། སྐྱིད་ཆུའི་ཡུལ་ལྗོངས་ཉིན་རེ་བཞིན་མཛེས་སུ་གྱུར་བ་དེས། ཁོང་གི་བཞིན་རས་ལས་སྐྱིད་སྣང་ཞིག་མངོན་ཞིང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ལ་སྐྱིད་ཆུར་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱས་པ་དང་། སྐྱིད་ཆུའི་ངོགས་སུ་འཆམ་འཆམ་དུ་འགྲོ་སའི་ལམ་བུ་དང་སྤང་རྩྭ་བཏིངས་བས་ན། སྐྱིད་ཆུའི་མཛེས་ཉམས་ལ་སྔར་མེད་ཀྱི་གསོན་ཤུགས་ཤིག་རྒྱས་སུ་བཅུག་ཡོད་། 
           བོད་ལྗོངས་ལ་ཀྲུང་ཧྭའི་ཆུ་མཛོད་ཅེས་པའི་མཚན་སྙན་ཐོགས་ཡོད་དེ། དེ་ཡང་བཞུར་རྒྱུན་མི་ཆད་པའི་ཡར་ཀླུང་གཙང་པོ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ལྷ་སའི་སྐྱིད་ཆུ། མྱང་ཆུ་གཙང་པོ་བཅས་དང་། དེ་བཞིན་སྐར་ཚོགས་བཞིན་དུ་ཁྱབ་པའི་མཚོ་དང་མཚེའུ་རྣམས་གནས་འདིར་ཆགས་ཤིང་ཕྱོགས་གང་སར་མཆེད་པས་ན། བོད་ལྗོངས་ལ་ཐུན་མིན་གྱི་ཆུའི་ཐོན་ཁུངས་ཀྱི་མཐུན་རྐྱེན་བཟང་པོ་གྲུབ་ཡོད།
           ཀྲུང་དབྱང་རྩ་འཛུགས་པུའི་སྐབས་དགུ་པའི་ཆུ་བེད་བོད་སྐྱོར་ཚོགས་ཆུང་གི་ཙུའུ་ཀྲང་དང་། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ།    རིམ་པ་དང་པོའི་སྐོར་གཟིགས་པ་བཅས་ཡིན་པའི་ཝང་ཕིང་ལགས་ནས་གསར་འགོད་པར་གསུང་དོན། བོད་ལྗོངས་འདི་ཉིད་ནི་རང་རྒྱལ་གྱི་གཙང་ཆུ་གཉིས་ཀྱི་འགོ་ཁུངས་དང་སྣོད་བཅུད་ཀྱི་འབྱུང་ཁུངས་གལ་ཆེན་དང་། མཐོ་སྒང་སྣོད་བཅུད་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་ཆ་ནས།  རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཁྲོད་དུ་དམིགས་བསལ་གྱི་གནས་བབ་བཟུང་ཡོད་ཅེས་གསུངས།
           གངས་ལྗོངས་ས་མཐོའི་རིན་བྲལ་ཆུ་ཡི་ཐོན་ཁུངས་ལ་སྲུང་སྐྱོང་ཡག་པོ་ཡོང་ཆེད། སྐྱེ་ཁམས་སྔོན་གཏོད་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འདུ་ཤེས་བོད་ལྗོངས་སུ་མཐའ་འཁྱོངས་བྱས་ཏེ། ཆུའི་ཐོན་ཁུངས་ཀྱི་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོང་བཅས་བྱེད་པའི་ཁྲོད་དུ་མི་ཆུ་གཉིས་ཞི་མཐུན་མཉམ་གནས་བྱེད་པའི་འདུ་ཤེས་བརྟན་པོར་བཅངས་ཤིང་དོན་ཐོག་ཏུའང་བསྐྱལ་ཡོད། དེ་བཞིན་བོད་ལྗོངས་ཀྱིས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཆུ་བོ་དང་མཚེའུ་ཡི་འགན་འཛིན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱས་ཤིང་། ཆུའི་ཐོན་ཁུངས་ཀྱི་དོ་དམ་སྒྲིག་སྲོལ་ནན་ཤོས་ལག་བསྟར་བྱས་པ་བཅས་ཀྱི་ཐོག་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པར་འགན་སྲུང་ཞུས་ཡོད། 
           ཆུ་བོ་དང་མཚེའུ་ཡི་འགན་འཛིན་ལམ་ལུགས་བཟོས་པ་དེས་ཆུ་བོ་སྔར་བས་དྭངས་ཤིང་བཞུར་རྒྱུན་མི་ཆད་པ་ཡོང་རྒྱུར་འགན་སྲུང་ཞུས་ཡོད།  བོད་ལྗོངས་ཀྱིས་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ཆུ་བོ་དང་མཚེའུ་ཡི་འགན་འཛིན་ལམ་ལུགས་ཁྱོན་ཡོངས་སུ་ཁྱབ་སྤེལ་གཏོང་བའི་ལས་ཀའི་ཇུས་འགོད》དང《བོད་རང་སྐྱོང་ལྗོངས་ཀྱི་ཆུ་བོ་དང་མཚེའུ་ཡི་འགན་འཛིན་ལམ་ལུགས་ཁྱོན་ཡོངས་སུ་དོན་འཁྱོལ་བྱས་ཏེ་མཚེའུ་ལ་དོ་དམ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས་ཏེ།  རིམ་པ་ལྔ་ཅན་གྱི་ཆུ་བོ་དང་མཚེའུ་ཡི་འགན་འཛིན་མ་ལག་བཙུགས་ཡོད།    དེ་བཞིན 《བོད་རང་སྐྱོང་ལྗོངས་ཀྱི་ཆུ་བོ་དང་མཚེའུ་ཡི་འབྲེལ་ཡོད་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་གོང་ཞུའི་ལམ་ལུགས》དང་།  《རང་སྐྱོང་ལྗོངས་རིམ་པའི་ཆུ་བོ་དང་མཚེའུ་ཡི་འགན་འཛིན་གྱི་སྐོར་སྐྱོད་བྱེད་ཐབས》སོགས་ལེ་ལག་ཚང་བའི་འབྲེལ་ཡོད་ལམ་ལུགས་གསར་པ་གཏན་འབེབས་བྱས་ཏེ།    ས་མཐོའི་ཆུ་བོ་དང་མཚེའུ་ལ་དོ་དམ་སྲུང་སྐྱོང་བྱེད་པའི་ཕུགས་ཕན་ལམ་སྲོལ་གཏོད་ཡོད།  མིག་སྔར་བོད་ལྗོངས་སུ་ཆུ་བོ་དང་མཚེའུ་ཡི་འགན་འཛིན་པ་ཁྱོན་བསྡོམས14747བསྐོ་བཞག་བྱས་ཤིང་། རིམ་ཁག་འགན་འཛིན་པས་ཆུ་བོ་དང་མཚོ། ་མཚེའུ་ལ་སྐོར་གཡེང་ཐེངས་ཁྲི10ལྷག་ཙམ་བརྒྱབ་ནས།   གཙང་ཆུ་རྒྱུག་ལམ་དང་མཚེའུ།    ཆུ་མཛོད་སོགས་ཁྱོན་ཡོངས་ལ་འགན་སྲུང་བྱས་ཡོད།
           ཝང་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ཆུ་སྲུང་ཆུ་བཅོས་བྱེད་རྒྱུ་དེ་གཙང་ཆུ་ཆེ་གྲས་ནས་ཆུང་འབྲིང་དང་གྲོང་གསེབ་ཀྱི་རྒྱུག་ཆུ་བཅས་ལ་ཁྱབ་པར་བྱས་ཏེ། ལྗོངས་ཡོངས་སུ"སྒྲིག་འགལ་བཞིའི"གནད་དོན་ཁྱོན1425བཅོས་སྒྲིག་བྱས་ནས།  གཙང་པོ་དང་མཚེའུ་སྔར་བས་དྭངས་གཙང་དུ་གྱུར་བ་དང་།  གཙང་པོ་དང་མཚེའུ་ལ་འབག་བཙོག་བཟོ་བའི་བྱ་སྤྱོད་ལ་བཀག་འགོག་བྱས་ཡོད།  དེ་དང་ཆབས་ཅིག་ལྗོངས་ཡོངས་སུ་"གཙང་པོ་དང་མཚེའུ་རེ་ལ་ཡིག་ཚགས་རེ་"བཟོས་ནས། གཙང་པོ་དང་མཚེའུ་ཡི་རྨང་གཞིའི་གཞི་གྲངས་འཐུས་ཚང་དུ་བཏང་བ་དང་།    ཆུ་རྒྱུད་ཀྱི་བྱེ་མ་སྔོག་འདོན་དང་དེ་བཞིན་གཙང་པོ་དང་འབྲེལ་ཡོད་རྣམ་གྲངས་ལ་ཞིབ་མཆན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།    གཙང་པོ་དང་མཚེའུ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ།    དཔེ་སྟོན་གཙང་པོ་དང་མཚེའུ་འཛུགས་སྐྱོང་དང་དེ་བཞིན་གཙང་པོ་དང་མཚེའུ་ལ་གནོད་མེད་དཔྱད་དཔོག་བྱེད་པའི་ལས་དོན་ཧུར་ཐག་གིས་སྤེལ་ཡོད།
           བོད་ལྗོངས་ཀྱི་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱས་པའི་ཕན་འབྲས་བསྐལ་བརྒྱར་གནས་ཤིང་གནམ་འོག་ཀུན་ལ་ཁྱབ་ཐུབ།  དེང་གི་གངས་ལྗོངས་ས་མཐོར་རི་སྔོན་པོ་རྒྱུན་གནས་དང་ཆུ་དྭངས་གཙང་རྒྱུན་རྒྱུ་ཡིན་ལ། མི་དང་རང་བྱུང་ཁམས་ཀྱང་ཞི་མཐུན་གོང་འཕེལ་ཡིན་པས། ཡིད་འོང་ལྟ་ན་སྡུག་པའི་འབྱུང་ཁམས་ཀྱི་མཛེས་རིས་ཤིག་སྐྱེ་འགྲོ་ཀུན་གྱི་མིག་ལམ་དུ་བཤམས་དང་གཤོམ་མུས་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།