ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མཐུན་སྒྲིལ་དང་འབྱོར་ཕྱུག་ཤེས་དཔལ་ཞི་མཐུན་མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

སྤེལ་དུས 2021-11-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
          ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཆེན་པོའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དེ་རིང་འགོ་ཚུགས་ཤིང་། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
          ད་ཐེངས་ཀྱི་ཚོགས་ཆེན་ནི། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་འབྲེལ་མཚམས་ཀྱི་འཐབ་ཇུས་ཀྱི་མཚམས་ཚིགས་དང་། བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་གསར་པར་ལངས་ཤིང་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་པའི་གལ་ཆེའི་དུས་སྐབས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྤོབས་པ་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་དུས་མཚམས་བཅས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་འཕྲད་པའི་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ། སླད་ཕྱིན་ལོ་ལྔའི་དམིགས་ཚད་ལས་འགན་དང་འཐབ་ཇུས་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱེད་རྒྱུ་མ་ཟད། སྐབས་གསར་པའི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱེད་རྒྱུ་ཡིན་པས་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ། རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཡང་ཐོན་སྲིད། ད་ཐེངས་ཀྱི་ཚོགས་ཆེན་ཡག་པོ་འཚོག་པར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། བློ་བརྟན་འགྱུར་མེད་ངང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པ་་བཅས་ལ་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད།
          བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་བོད་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་བ་དང་། སྐུ་ངོ་མས་བོད་ལྗོངས་སུ་གཟིགས་ཞིབ་མཛུབ་ཁྲིད་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་འབྲེལ། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ། སྐུ་ངོ་མས་བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་གནང་བ། བོད་ཀྱི་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ཡོད། སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “སྤྱི་ཡོངས་གཉིས”བློ་ལ་འཆང་བ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བཅས་བྱས་ཏེ། ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་པ་མ་ཟད། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
          ལོ་ལྔའི་གྲུབ་འབྲས་དེ་དག་ནི་གལ་ཆེ་ཤོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་པ་དང་། ཆེས་རྩ་བ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་པ། ཆེས་གཙོ་བོ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་དམིགས་སར་འཁྱོལ་བར་ཐུག་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མཁས་མཛངས་ལྡན་ལ་ཡང་དག་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་མཁས་མཛངས་ལྡན་ལ་ཡང་དག་པ། དུས་རབས་གསར་པའི་བོད་སྐྱོང་འཐབ་ཇུས་མཁས་མཛངས་ལྡན་ལ་ཡང་དག་པ་བཅས་ཡིན་པ་ལོ་ལྔའི་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། ལོ་ལྔ་ཡི་བརྒྱུད་རིམ་གྱིས་ང་ཚོར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་བ་དང་། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་བའི་གཞི་འཛིན་སར་བརྩི་བ། ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྨང་གཞི་གལ་ཆེན་ལ་བརྩི་བ། ངེས་པར་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་བོད་ཀྱི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩི་བ། ངེས་པར་དུ“ཕན་འདོགས་པ་ལྔ”ཚད་གཞིར་བརྩིས་ནས་ཆོས་ལུགས་ཀྱི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། ངེས་པར་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་འབུལ་བར་བརྩི་བ། ངེས་པར་དུ་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་འགན་འཁྲི་གལ་ཆེན་ལ་བརྩི་བ། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་རྩ་བའི་འགན་ལེན་ལ་བརྩི་བ་བཅས་བྱེད་དགོས།
          ལས་འགན་གསར་པ་དང་། བླང་བྱ་གསར་པ། གོ་སྐབས་གསར་པ། རེ་བ་གསར་པ་བཅས་ཀྱི་མདུན་དུ། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན། “དོན་ཆེན་བཞིར”དམིགས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སྐྱོད་ཐུབ་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སྐྱོད་ཐུབ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སྐྱོད་ཐུབ་པ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སྐྱོད་ཐུབ་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་རིང་གི་བོད་ཀྱི་དགེ་མཚན་ཆེ་རིགས་སྔར་བས་འདོན་སྤེལ་དང་། རྒྱལ་ཁབ་ཀྱི་འོས་འགན་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་རིང་གི་་འགན་འཁྲི་འཁུར་སེམས་སྔར་བས་མངོན་པ། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་སྔར་བས་མཐོ་རུ་གཏོང་བ་བཅས་བྱེད་དགོས།
          སླད་ཕྱིན་གྱི་ལོ་ལྔ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔ་དང་པོ་དེ་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་པར་སྟངས་འཛིན་ཡང་དག བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ལས་འགན་ཨང་དང་པོར་བརྩི་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་དུ་གཏོང་དགོས། ངེས་པར་དུ་ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱར་གཞིགས་ནས་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་གཞུང་དྲང་། དེ་བས་རྒྱུན་མཐུད། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དང་། མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བྱེད་པ། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་འབྲེལ་བ་དམ་ཟབ་དང་བརྩེ་བ་ཟབ་ཏུ་བཏང་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས། ངེས་པར་དུ་ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ་དང་། ཆོས་ལུགས་ཀྱི་ལས་དོན་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཆོས་ལུགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ངེས་པར་དུ་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། དམག་དཔུང་འདུས་སྡོད་དང་དམངས་བདེ་གལ་ཆེ་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། དཔལ་འབྱོར་དང་སྤྱི་ཚོགས་དང་མཐའ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་ས་ཁུལ་དཔལ་འབྱོར་འཕར་ཁུལ་གསར་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེ་དབར་ཁྲི་ཡི་དཔེ་སྟོན་ཁུལ་དང་རྒྱལ་སྲུང་བརྟན་དུ་གཏོང་བའི་ལྕགས་དང་ངར་ལྕགས་ཀྱི་ལྕགས་རི་རིང་པོ་ཞིག་ཏུ་སྐྲུན་དགོས། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ། ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་པ། མི་དམངས་དམངས་གཙོའི་བརྒྱུད་རིམ་ཧྲིལ་པོ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་བརྟན་ལྷིང་མཐུན་སྒྲིལ་གྱི་དུས་བབ་བཟང་པོ་བརྟན་དུ་གཏོང་དགོས།
          བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཏང་ལ་ཐུག་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས།
          འཆར་གཞི་གསར་པའི་མདུན་ལྗོངས་མཛེས་སྡུག་ལྡན། རྒྱང་སྐྱོད་ལམ་བུ་གསར་པས་མི་ལ་སྐུལ་ལྕག་ཐེབས། ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐོག་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་ནས་ཕེབས་པའི་ཏང་གི་འཐུས་མི་ཚོས་ལྗོངས་ཡོངས་ཀྱི་ཏང་ཡོན་གྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། འགན་འཁྲིའི་འདུ་ཤེས་ཆེན་པོ། སྒམ་བརླིང་ནན་ཏན་གྱི་རྣམ་འགྱུར། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཅས་ཀྱི་སྒོ་ནས་གཟི་བརྗིད་ལྡན་ལ་བླ་ན་མེད་པའི་འགན་འཁྲི་ཡག་པོ་སྒྲུབ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་གང་ལེགས་ཡོད། ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་སླད་ཕྱིན་ལོ་ལྔའི་རིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྤྱི་ཡོངས་ཀྱི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན་གྱི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཏེ། ང་ཚོས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་མཛུབ་ཁྲིད་ནུས་ལྡན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་གང་ལེགས་ཡོད། ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་བྱ་སྤྱོད་ཀྱི་གོམ་སྟབས་གཅིག་གྱུར་བྱས་ཏེ་དར་ཆ་མཐོན་པོར་སྒྲེང་བ་དང་། མཐུན་སྒྲིལ་ངར་ཤུགས་ལྡན་པ། སྤྱོད་བཟང་གཞུང་དྲང་། འབད་འབུངས་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་འཚོག་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་གང་ལེགས་ཡོད།
          ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་ཆེན་མཐོན་པོར་བསྒྲེངས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་དང་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
          ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
རྩོམ་སྒྲིག་པ། བདེ་སྒྲོན།