ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

འབད་འབུངས་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད། ནུས་ཤུགས་ཡོད་རྒུས་ངོ་མཚར་ལེའུ་གསར་རྩོམ།

སྤེལ་དུས 2022-01-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
            འགག་སྒྲོལ་དཀའ་སེལ་གྱི་འབད་འཐབ་ལམ་བུར་བསྐྱོད་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་སླར་ཡང་རྡོག་ཐོན་བྱེད། སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ལས་འགན་ཕྲག་ཐོག་ཏུ་འཁུར་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཆེན་པོའི་ཁྲོད་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་དེ་རིང་གཟབ་རྒྱས་ངང་འགོ་ཚུགས་པས། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།
            ད་ཐེངས་ཀྱི་ཚོགས་འདུ་ནི། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་གོམ་ཞེང་ཆེན་པོས་བསྐྱོད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པའི་ངོས་ནས། ད་ཐེངས་ཀྱི་ཚོགས་ཆེན་ཡག་པོ་འཚོག་རྒྱུ་དེ་ནི་སྔར་བས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་དེ་བས་ལེགས་པའི་སྒོ་ནས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་པར་བསྒྱུར་རྒྱུ་དང་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པར་དོན་སྙིང་གལ་ཆེན་ལྡན་ཡོད།
            འདས་མ་ཐག་པའི་2021ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་བརྗིད་ཆེའི་ལེའུ་བརྩམས་ཡོད་ལ། བོད་ལྗོངས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ངོ་མཚར་ཆེ་བའི་གྲུབ་འབྲས་ཀྱང་བཏོད་ཡོད། སྤྱིར་བཏང་མིན་པའི་ལོ་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་དུ་གཟིགས་ཞིབ་མཛུབ་ཁྲིད་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་མ་ཟད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ཏེ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་ཕྱག་བྲིས་ཕྱག་བསྟར་མ་གནང་བས། ས་མཐོའི་བུ་ཕྲུག་ཚོས་ཐུགས་ཁུར་ལྡབ་བརྒྱ་ཚོར་བ་དང་། སྐུལ་ལྕག་ལྡབ་བརྒྱ་ཐེབས་པ། ཡིད་ཆེས་ལྡབ་བརྒྱ་འཕེལ་བ་བཅས་བྱུང་ཡོད། སྤྱིར་བཏང་མིན་པའི་ལོ་འདིར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བཀའ་དྲིན་ཚོར་བཞིན་འབད་འབུངས་དང་ཞུམ་མེད་མདུན་སྐྱོད་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱིར་བཏང་མིན་པའི་ལོ་འདིར། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་གྲོས་ལས་དོན་གྱི“རྩ་བ”དང“བླ་སྲོག”སྟངས་འཛིན་ནན་པོ། ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་རྣམ་པའི་འོག་སྲིད་གྲོས་ལས་དོན་ཇུས་འགོད། ཐོག་མཐའ་བར་གསུམ་དུ་མི་དེ་བས་མང་པོ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱ་རྒྱུར་དམིགས་པ། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་འཛུགས་པ། མཐའ་སྐྱོང་བོད་བརྟན་ཁྲོད་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས། སྲིད་གྲོས་ཀྱི་རྒྱུན་གཏན་ལས་དོན་གྱི་སྤུས་ཚད་གོང་མཐོར་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད། སྲིད་གྲོས་རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད།
            གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས། ཉམས་མྱོང་ནི་ཧ་ཅང་རྩ་ཆེན་ཡིན། ཀྲུང་གོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཆབ་སྲིད་ལམ་ལུགས་དང་དམངས་གཙོའི་རྣམ་པ་ཡིན་པའི་མི་དམངས་སྲིད་གྲོས་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་གི་རླབས་ཆེན་གསར་གཏོད་ཅིག་ཡིན་པས། གསོན་ཤུགས་ཆེན་པོ་དང་མདུན་ལམ་ཆེན་པོ་ལྡན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། རིམ་ཁག་སྲིད་གྲོས་རྩ་འཛུགས་ནི་བོད་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡར་ཐོན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ནི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་བློས་འགེལ་ཆོག་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། དུས་རབས་གསར་པ་དང་དུས་བབ་གསར་པར་བོད་ཀྱི་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ། ཏང་གི་འགོ་ཁྲིད་སྲིད་གྲོས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཡོང་བར་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་མི་དམངས་སྲིད་གྲོས་ཀྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་མཉམ་སྒུལ་མཉམ་སྐྱོད་དང་ཕྱོགས་མཐུན་ཤུགས་འདོན་བྱེད་དགོས། ནུས་ལྡན་གྱི་གྲོས་མོལ་དམངས་གཙོར་བརྟེན་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་ལེགས་པར་འཁུར་ཏེ་སྲིད་གྲོས་ཀྱི་འགན་སྒྲུབ་བྱེད་སྒོ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། བརྒྱུད་རིམ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་དམིགས་ཏེ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། ཨུ་ཡོན་གྱི་བྱེད་པོའི་ནུས་པ་ཆེ་རུ་གཏོང་བ་དང་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྤྱོད་ཚུལ་དངོས་ལ་བརྟེན་ནས་འགན་སྒྲུབ་ཀྱི་འཇོན་ཐང་མངོན་པར་བྱེད་དགོས།
            དུས་ཚོད་རེས་ཀྱིས་འགྱུར་དང་བསྟུན། ཕུགས་འདུན་བཅངས་ནས་མདུན་སྐྱོད་བྱེད། འདི་ལོ་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས“དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་བྱེད་པ་དང“འགན་ལེན་བཞི”མངོན་གྱུར་བྱེད་པར་འཐབ་ཇུས་བཀོད་སྒྲིག་བྱས་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”བཀོད་སྒྲིག་གལ་ཆེན་ཁ་གསལ་བཟོས་ཡོད། ཐོག་མའི་བསམ་འདུན་གྱིས་འབྱུང་འགྱུར་གྱི་ལམ་སྒྲོན་བྱེད། ལས་འགན་གྱིས་མི་སེམས་ལ་སྐུལ་མ་ཐེབས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་གཙོ་རྐང་འདི་ལོ་ཧྲིལ་པོའི་ལས་དོན་ཁྲོད་ཁྱབ་པར་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་ལ་འཁེལ་བའི་མཛུབ་ཁྲིད་བསམ་བློ་དང་། འབད་འཐབ་དམིགས་ཚད། ལས་འགན་གལ་ཆེན། བཀོད་སྒྲིག་བླང་བྱ། སྤྱོད་ཚུལ་ལེགས་གཏོང་། དོན་འཁྱོལ་དམ་འཛིན་བཅས་ལ་དམ་པོར་དམིགས་ནས་དེ་ཉིད་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་སྲིད་གྲོས་ཀྱི་འགན་ནུས་འདོན་སྤེལ་བྱེད་པའི་བསམ་ཕྱོགས་དང་། ལས་འགན། གཞི་རྟེན། བྱ་ཐབས་བཅས་ལ་འགྱུར་བ་བྱེད་དགོས། བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བྱེད་པ་དང་། དམངས་གཙོ་དར་སྤེལ་དང་གྲོས་འདོན་ཇུས་འབུལ་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་འདུས་བྱེད་པ། སྲིད་ཇུས་དྲིལ་བསྒྲགས་དང་དོགས་སེལ་དཀའ་འགྲེལ་ཁྲོད་མཐུན་སྒྲིལ་ཟབ་ཏུ་གཏོང་བ། འབྲེལ་བ་མཐུན་སྦྱོར་དང་། འགལ་ཟླ་སེལ་བ། སེམས་ནུས་གཅིག་སྒྲིལ། དོན་འཁྱོལ་ལ་སྐུལ་འདེད་བཅས་ཀྱི་ལས་དོན་ཡག་པོ་དང་གཏིང་ཟབ་སྒྲུབ་པ། གཡུལ་ས་གལ་ཆེན་དང་། ལས་སྟེགས་གལ་ཆེན། ཐབས་ལམ་གལ་ཆེན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་བླང་བྱ་སྲིད་གྲོས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཏན་ཏིག་ཐུབ་པ་བཅས་བྱས་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་མཐུན་སྒྲིལ་དང་གཅིག་འདུས་གང་ཐུབ་བྱེད་དགོས།
            རྒྱང་སྐྱོད་ལམ་བུ་རླབས་པོ་ཆེས་དངོས་སྒྲུབ་འགན་ཁུར་རེ་འབོད་བྱེད། བྱ་གཞག་རླབས་པོ་ཆེས་ཞུམ་མེད་མདུན་དུ་སྐྱོད་པར་ལྕག་སྐུལ་བྱེད། དུས་རབས་ཀྱི་ལས་འགན་ལྕི་པོ་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་བའི་སྲིད་གྲོས་ཨུ་ཡོན་གྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རང་འགན་གཙང་སྒྲུབ་ཀྱིས་འགན་འཁྲི་འཁུར་ཕོད་པར་བྱས་ཏེ། ད་ཐེངས་ཀྱི་ཚོགས་ཆེན་དེ་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཚོགས་ཆེན་ཞིག་དང་། སེམས་ནུས་གཅིག་སྒྲིལ་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པའི་ཚོགས་ཆེན་ཞིག་ཏུ་འཚོགས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་བརྗིད་ཆེའི་ལེའུ་གསར་པ་རྩོམ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
            ཚོགས་ཆེན་ཐུགས་གྲ་ལེགས་སྒྲིག་ཡོང་བའི་སྨོན་འདུན་ཞུ། 
རྩོམ་སྒྲིག་པ། བདེ་སྒྲོན།