ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བོད་ལྗོངས་ཀྱི་གནས་སྤོས་གྲོང་ཚོའི་འཚོ་བ་གསར་པ།

སྤེལ་དུས 2022-04-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཟླ་4པར། ཡར་ཀླུང་གཙང་པོའི་རྦ་རླབས་སྔོན་པོ་ཡམ་ཡོམ་དུ་གཡོ་བ་དང་དྲོ་འཇམ་ཉི་འོད་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་པོ་རིའི་གྲོང་ཚོ་གསར་པར་འཕྲོས། རེ་བས་ཁེངས་པའི་ནམ་དུས་འདིར་གྲོང་མི་ཚོས་ལོ་གསར་པའི་ལས་ལ་བྲེལ་བཞིན་མཆིས།
  སྲིན་པོ་རི་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱང་ངོས་སུ་གནས་པ་དང་དེར་ས་བབ་མཐོ་ཚད་སྨི་3600ཟིན་ཡོད། བོད་ལྗོངས་ཀྱི་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་ལག་བསྟར་བྱས་པ་དང་བསྟུན་ནས། 2019ལོ་ནས་ད་བར་ནག་ཆུ་གྲོང་ཁྱེར་གྱི་མཚོ་གཉིས་རྫོང་དང་ཨ་མདོ་རྫོང་གི་ཤང་དང་གྲོང་རྡལ་4ཡི་འབྲོག་པ་4000ལྷག་ཙམ་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་བོད་བྱང་ཐང་ནས་དེ་གར་སྤོས།
  ལོ་46ལ་སླེབས་པའི་ཟླ་བ་ནི་ཨ་མདོ་རྫོང་སེའུ་ཤང་ནས་སྤོས་པ་ཞིག་རེད། ཁོང་གིས“འདི་གར་འགྲིམ་འགྲུལ་དང་སྨན་པ་བསྟེན་པར་ཧ་ཅང་སྟབས་བདེ་ཡོད་པ་མ་ཟད། ཕྲུ་གུ་སློབ་གྲྭར་སྐྱོད་པར་ཡང་སྟབས་ཧ་ཅང་བདེ་པོ་འདུག དེ་སྔ་སྡོད་སའི་ས་ཆ་ནས་ཨ་མདོ་རྫོང་གྲོང་བར་སྤྱི་ལེ་300ལྷག་ཙམ་ཡོད། སློབ་གྲྭ་དང་བར་ཐག་རིང་བའི་རྐྱེན་གྱིས་ཕྲུ་གུ་སློབ་གྲྭར་ཞག་སྡོད་བྱེད་དགོས་ཀྱི་ཡོད། དགུན་གསེང་དང་དབྱར་གསེང་སྐབས་ངས་སྦག་སྦག་བཞོན་ནས་ཕྲུ་གུ་བསུ་སྐྱེལ་བྱེད་པར་ཉིན་གཉིས་འགོར་གྱི་འདུག”ཅེས་བཤད།
  གནས་སྤོས་མང་ཚོགས་ཚོར་སྟབས་བདེ་སྐྲུན་ཆེད། སྲིན་པོ་རིའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་ལེ་ལག་ཚང་བའི་སློབ་གྲྭ་དང་འཕྲོད་བསྟེན་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཡོད། ཟླ་བའི་བུ་གསུམ་པ་རྡོ་རྗེ་རྣམ་རྒྱལ་ཡང་གནས་སྤོས་བྱ་ཡུལ་གྱི་གསར་དུ་བསྐྲུན་པའི་སློབ་ཆུང་དུ་སློབ་སྦྱོང་བྱེད་བཞིན་ཡོད། གསར་འགོད་པ་ཁོང་གི་ཁྱིམ་དུ་སྐྱོད་སྐབས་གཟའ་མཇུག་དང་འཁེལ་བས་གྲུང་ཤ་དོད་པའི་བུ་ཆུང་ཆུང་དེ་ཤེལ་ཁང་ནང་སྦྱོང་ཚན་འབྲི་བཞིན་འདུག
  “ཐོག་མར་སློབ་སྦྱོང་རྗེས་ཟིན་གྱི་མི་འདུག དེ་ནས་ག་ལེར་བྱས་ནས་རྗེས་ཟིན་བྱུང་། སློབ་དུས་གོང་མའི་སློབ་མཇུག་ཡིག་རྒྱུགས་ནང་ངའི་སྦྱངས་འབྲས་མདུན་གྲལ་དུ་སླེབས་འདུག”ཅེས་རྡོ་རྗེ་རྣམ་རྒྱལ་གྱིས་བཤད།
  དེ་སྔ་བོད་བྱང་ཐང་དུ་འཚོ་བ་སྐྱེལ་མཁན་འབྲོག་པ་རྣམས་གློ་བུར་ནད་གཞི་ཕོག་སྐབས་སྨན་པ་བསྟེན་པ་ནི་དཀའ་ཚེགས་ཆེ་ཤོས་ཀྱི་བྱ་བ་ཞིག་རེད། ལོ་72ལ་སླེབས་པའི་སྲི་ཐར་ལ་གནས་ཚུལ་དེའི་ཐད་མྱོང་ཚོར་ཟབ་ཤོས་ཡོད།
  སྲི་ཐར་གྱི་ཕ་ཡུལ་ནི་མཚོ་གཉིས་རྫོང་དཀར་མཚོ་ཤང་གི་ཐག་རིང་ལུང་ཁུག་གི་གྲོང་གསེབ་ནས་ཡིན་པ་དང་སྐྱ་གྲིབ་ཕོག་ནས་ལོ་མང་སྨན་བཅོས་བྱེད་མ་ཐུབ་པར་བརྟེན་མིག་གཡོན་མ་ལོང་བར་གྱུར་ཡོད། ཁོང་གིས“གྲོང་ཁྱེར་ཆེན་པོའི་སྨན་ཁང་དུ་ནད་ལྟ་བར་འགྲོ་འདོད་ཀྱང་ང་རླངས་འཁོར་ནང་བསྡད་མ་ཐག་ཏུ་མགོ་ཡུ་འཁོར་གྱི་འདུག་པས་འགྲོ་ཐུབ་མ་བྱུང”ཞེས་བཤད།
  2019ལོར་ཁོང་ཚོ་ནང་མི་ཚང་མ་སྲིན་པོ་རི་གྲོང་ཚོར་སྤོས་པ་དང་། ན་ནིང་གྲོང་ཚོའི་ལས་བྱེད་པའི་རོགས་རམ་འོག་སྲི་ཐར་གྱིས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་མི་དམངས་སྨན་ཁང་དུ་སྐྱ་གྲིབ་གཤགས་བཅོས་བྱས་པ་རེད། དུས་ཚོད་ངེས་ཅན་ཞིག་ངལ་གསོས་རྗེས་མིག་གཡོན་པས་སླར་ཡང་འོད་སྣང་མཐོང་ཡོད། ཁོང་གིས་གསར་འགོད་པར། སྐྱ་གྲིབ་གཤགས་བཅོས་ལ་སྨན་རིན་སྒོར་2000ལྷག་ཙམ་ཕྱིན་སོང་། འོན་ཀྱང་སྲིད་གཞུང་གིས་80%རྩིས་ཞུ་བྱས་བྱུང་ཞེས་བཤད།
  སློབ་གསོ་དང་སྨན་བཅོས་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཞིང་འབྲོག་པར་དུས་རབས་གསར་པ་ལས་བྱུང་བའི་བདེ་སྐྱིད་ཚོར་ཡོད། གསར་འགོད་པ་སྲིན་པོ་རི་གྲོང་ཚོར་སྐྱོད་སྐབས། གྲོང་མིའི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པ་དང་གྲོང་ཚོའི་མ་ལམ་གྱི་གཞོགས་གཉིས་སུ་སྒྲོམ་སྟེགས་སྤོ་ལོ་ཁང་དང་། སྒོ་རྩིས་ཚོང་ཁང་། ཟ་ཁང་སོགས་མང་པོ་ཡོད་པ་དེ་དག་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་མངོན་པ་མཐོང་བྱུང་། རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་ཐོན་ལས་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག བདེ་སྡོད་ལས་བརྩོན་བྱུང་རྗེས་ཀྱི་གྲོང་མིས་དེ་བས་ལེགས་པའི་འཚོ་བ་སྐྱེལ་ཆེད་འབད་འཐབ་བྱེད་བཞིན་ཡོད།
  2020ལོར། ལོ་40ལ་སླེབས་པའི་བདེ་སྐྱིད་ཆོས་སྒྲོན་གྱི་ནང་མི་ཚང་མ་མཚོ་གཉིས་རྫོང་མཚོ་སྦྲེལ་བྱང་མ་ཤང་ནས་སྤོས་ཏེ་གྲོང་ཚོའི་ནང་ཇ་ཁང་ཞིག་བཙུགས་ཡོད། “ཇ་ཁང་སྒོ་ཕྱེ་བ་ནས་བཟུང་ཚོང་ཡག་པོ་འདུག ཇ་ཁང་གི་ཚོང་ཧ་ཅང་ཡག་པས་ཉིན་ཤས་གོང་ཞབས་ཞུ་བ་ཞིག་བསྡུས་པ་དང་དེར་ཟླ་རེར་གླ་ཆ་སྒོར་2000སྤྲོད་ཀྱི་ཡོད”ཅེས་ཁོང་གིས་བཤད།
  གྲོང་ཚོའི་ཚོང་ལས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པས་མཚོ་གཉིས་རྫོང་ནས་ཡོང་བའི་གཞོན་ནུ་དངོས་གྲུབ་རྒྱལ་མཚན་ལ་ཚོང་ལས་ཀྱི་གོ་སྐབས་རག་ཡོད།
  བསྐྱར་དཔར་འཕྲུལ་ཆས་དང་། པར་འདེབས་འཕྲུལ་ཆས། ཤོག་འབྲེག་འཕྲུལ་ཆས་སོགས་དངོས་གྲུབ་རྒྱལ་མཚན་གྱིས་གསར་དུ་བཙུགས་པའི་བརྡ་ཁྱབ་ཀུང་སིར་སྒྲིག་ཆས་གང་དགོས་ཆ་ཚང་འཛོམས་ཡོད། “ལོ་དེ་དག་ནང་ཚོང་ཁང་གསར་པ་མང་པོ་བཙུགས་ཡོད་པས་ང་ཚོར་ཚོང་ཁང་གི་སྒོ་བྱང་བཟོ་བ་དང་པར་རྒྱག་པའི་ལས་ཀ་མང་པོ་རག་བྱུང”ཞེས་དངོས་གྲུབ་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པར། ཉིན་དེ་དག་ནང་ཀུང་སིར་ནག་ཆུ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་སོགས་ས་ཆའི་ལས་སྒོ་གསར་པ་ཡང་རག་ཡོད་པ་རེད།
  སྲིན་པོ་རིའི་གྲོང་ཚོའི་ལས་བྱེད་པས་ངོ་སྤྲོད་བྱས་པར་གཞིགས་ན། སྲིད་གཞུང་གིས་ཁོང་ཚོར་ཀུ་ཤུ་འདེབས་འཛུགས་གླིང་དང་། འབྲི་གཡག་རྒྱགས་གསོ། ཀོ་ཆས་ལས་སྣོན་བཟོ་གྲྭ་སོགས་ལེ་ལག་ཚང་བའི་ཐོན་ལས་རྣམ་གྲངས་བསྐྲུན་ཏེ། རྩལ་ནུས་གསོ་སྦྱོང་བྱས་ཏེ་གྲོང་མི་ཕྱིར་གླ་པར་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་རྩིས་ཡོད་པ་རེད།