ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བློ་རྩ་བརྟན་པོས་འབད་འཐབ་བྱེད་རིང་དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་རྩོམ་དགོས།

ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ།

སྤེལ་དུས 2022-05-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          1919ལོར་ལངས་པའི་ལྔ་བཞིའི་ལས་འགུལ་ནི་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་མཐར་ཕྱིན་བྱེད་པའི་རླབས་ཆེན་གྱི་རྒྱལ་གཅེས་གསར་བརྗེའི་ལས་འགུལ་ཞིག་རེད། བརྗིད་རྔམ་ལྡན་པའི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ཀྲུང་ཧྭ་དར་རྒྱས་གཏོང་བའི་འདུན་པ་དང་ཡིད་ཆེས་སྐུལ་སློང་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་དེ་ནས་བཟུང། གཞོན་ནུའི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཏང་གི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ཡོད། 1922ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་གི་ཐད་ཀའི་འགོ་ཁྲིད་འོག་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་གཞོན་ནུ་སྡེ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཀོང་ཀྲོའུ་ཡི་ཏུང་ཡོན་དུ་འཚོགས་ནས་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་འགོ་བརྩམས་པ་རེད། ལོ་བརྒྱའི་རིང་རྒྱུན་མཐུད་འབད་འཐབ་དང་རྒྱལ་ཁའི་གླུ་དབྱངས་བླངས་ནས་མདུན་སྐྱོད་བྱས་པ་དང་། གུང་གཞོན་སྡེ་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། “ཏང་ལ་འབོད་སྐུལ་ཡོད་ན། སྡེ་ཚོགས་ལ་བྱ་སྤྱོད་ཡོད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཏང་གི་ཆེད་གཞོན་ནུའི་སེམས་པ་བརྩོན་ལེན་དང་གཞོན་ནུའི་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་དང་། ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་དང་ནུས་པ་གལ་ཆེན་བཏོན་ཡོད།
          དུས་རབས་བཟང་པོས་གཞོན་ནུ་གསོ་སྐྱོང་བྱས། བསྐལ་བཟང་དུས་སུ་གཞོན་ནུར་གྲུབ་འབྲས་ཐོབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞོན་ནུར་ཚད་མཐོའི་མཐོང་ཆེན་དང་། གཞོན་ནུར་སེམས་རྩ་འཁོལ་པོས་སེམས་ཁུར། གཞོན་ནུར་ཡིད་ཆེས་གང་ལེགས་བཅས་གནང་སྟེ་གཞོན་ནུ་འཕེལ་རྒྱས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ཏང་གི་གཞོན་ནུའི་ལས་དོན་གྱི་གནས་བབ་དང་ནུས་པ་དང་། དམིགས་ཚད་དང་ལས་འགན། འགན་འཁྲི་དང་ལས་འགན། ལག་ལེན་གྱི་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པར་གཞོན་ནུ་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གཞོན་ནུ་ཇི་ལྟར་གསོ་སྐྱོང་བྱེད་པ། གུང་གཞོན་སྡེ་ཚོགས་གང་འདྲ་ཞིག་འཛུགས་སྐྱོང་བྱེད་པ། གུང་གཞོན་སྡེ་ཚོགས་ཇི་ལྟར་འཛུགས་སྐྱོང་བྱེད་པ་སོགས་ཁ་ཕྱོགས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ལན་གཏིང་ཟབ་བཏབ་ཡོད། གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་དུས་རབས་གསར་པར་ཏང་གི་གཞོན་ནུའི་ལས་དོན་ཡག་པོ་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་དཀའ་ཉེན་ལ་མི་སྐྲག་པ་དང་མདུན་ཕྱོགས་སུ་གདོང་མཆོང་བྱེད་པ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་ཕུལ་བ་དང་དཀའ་སྤྱད་དངོས་སྒྲུབ་བྱེད་པའི་བར་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་མེ་ཤུགས་འཕུར་མདའ་འཕེན་གཏོང་གི་ལས་འགན་སྒྲུབ་རིང་དཀའ་སྤྱད་འབད་འཐབ་དང་ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པ་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར“ང་ཡིས་འགན་འཁྲི་ཕྲག་ཏུ་ཁུར་ནས་འབད་འཐབ་བྱེད་པར་བརྩོན་པའི”མི་ཚེའི་དམ་བཅའ་མངོན་འགྱུར་བྱེད་པའི་བར་སོགས་རྒྱ་ཆེའི་གཞོན་ནུ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆའི་འོག་འབད་འཐབ་དང་འབད་འབུངས་ལ་བརྟེན་ནས་མེས་རྒྱལ་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་པར་ཏང་དང་མི་དམངས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད།
          རྒྱལ་ཁབ་ཀྱི་རེ་བ་གཞོན་ནུར་བཅོལ་ཡོད། མི་རིགས་ཀྱི་མ་འོངས་གཞོན་ནུར་རག་ལུས་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་ཆེད་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གཞི་ཚུགས་པ་དང་ཀྲུང་གོའི་གཞོན་ནུའི་འབད་འཐབ་ཀྱི་དམིགས་ཚད་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་སྙིང་བསྡུས་བྱས་ནས་བརྗོད་ན། དེ་ནི་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་མཁན་གྱི་དུས་རབས་ཀྱི་མི་གསར་ཞིག་ཏུ་འཚར་ལོངས་ཡོང་བ་བྱ་རྒྱུ་དེ་རེད”ཅེས་ནན་བཤད་གནང་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འཕེལ་འགྱུར་འགྲོ་བ་དང་རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧྲིལ་པོའི་ནང་ཧུར་བརྩོན་ཆེ་ཤོས་དང་སྐྱེ་སྟོབས་ཆེ་ཤོས་ཀྱི་སྟོབས་ཤུགས་ཤིག་ཡིན་པའི་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ཏང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་པ་དང་མི་རིགས་བསྐྱར་དར་གྱི་ཆོད་སེམས་བཅངས་ནས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་འབད་འབུངས་མཁན་དང་། གསར་འབྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་བྱེད་ཕོད་པ་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་བསམ་མངོན་འགྱུར་བྱེད་པ་དང་། བློ་རྩ་བརྟན་པོས་འབད་འཐབ་བྱེད་རིང་དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་རྩོམ་པ། འཛམ་གླིང་གིས་ལྟ་སྟངས་གསར་པ་འཛིན་པའི་བྱས་རྗེས་ངོ་མཚར་ཅན་གསར་པ་གཏོད་པ་བཅས་བྱེད་དགོས།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཞོན་ནུའི་ལས་དོན་གྱིས་མིག་སྔར་དམ་འཛིན་དང་། རྩ་བ་རྒྱུན་འཛིན། མ་འོངས་ལ་ཁ་ཕྱོགས་པས། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད”ཅེས་གསུངས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་པ་སྟོང་གི་རླབས་ཆེན་བྱ་གཞག་གཏོད་རྒྱུར་རྩེ་གཅིག་ཏུ་གཞོལ་བར་ངེས་པར་དུ་རྒྱ་ཆེའི་གཞོན་ནུའི་ཚབ་བྱེད་པ་དང་། རྒྱ་ཆེའི་གཞོན་ནུའི་རྒྱབ་སྐྱོར་ཐོབ་པ། རྒྱ་ཆེའི་གཞོན་ནུར་བརྟེན་པ་བཅས་ཐོག་མཐའ་བར་གསུམ་དུ་བྱས་ནས་སྟོབས་ཤུགས་ཧ་ཅང་ཆེན་པོ་སྤྱད་དེ་གཞོན་ནུའི་ལས་དོན་ཡག་པོ་བསྒྲུབས་པ་བརྒྱུད་ཏང་གི་བྱ་གཞག་རྒྱུན་མཐུད་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་དེ་བཞིན་སྤྱི་ཚོགས་ཡོངས་ཀྱིས་གཞོན་ནུར་ཡིད་ཆེས་གང་ལེགས་བྱེད་པ་དང་། གཞོན་ནུར་སེམས་རྩ་འཁོལ་པོས་སེམས་ཁུར་བྱེད་པ། གཞོན་ནུར་བླང་བྱ་ནན་པོ་འདོན་པ་བཅས་བྱས་ནས་གཞོན་ནུའི་འདུན་པར་དོ་ཁུར་དང་། གཞོན་ནུའི་འཕེལ་རྒྱས་ལ་རོགས་རམ། གཞོན་ནུའི་ལས་གཏོད་ལ་རྒྱབ་སྐྱོར་བཅས་བྱས་ཏེ་གཞོན་ནུ་གྲོགས་པོ་ཚོའི་སྙིང་ཉེ་བ་དང་། གཞོན་ནུའི་ལས་དོན་གྱི་སེམས་རྩ་འཁོལ་བའི་མི་སྣ། གཞོན་ནུ་མང་ཚོགས་ཀྱི་སྣེ་ཁྲིད་པ་བཅས་བྱེད་དགོས།
          དུས་རབས་གསར་པ་ནི་ཕུགས་འདུན་དོན་གཉེར་བྱེད་མཁན་ལ་དབང་བའི་དུས་རབས་ཤིག་ཡིན་ལ། རྒྱ་ཆེའི་གཞོན་ནུ་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས་ཤིག་ཀྱང་ཡིན། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ལ་བཅངས་པའི་ཡིད་ཆེས་བཅས་ལ་བརྟེན་ནས་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། གཏིང་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་ནམ་ཡང་འབད་འཐབ་བྱེད་པ་དང་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་བའི་ཕུགས་བསམ་བརྟན་པོ་ཞིག་འཛུགས་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་འཛུགས་པ་དང་ལག་ལེན་བསྟར་ནས་མཐོ་ཚད་དང་། གོ་རྟོགས། སྤུས་ཚད་བཅས་དེ་བས་མཐོ་བའི་མི་ཚེ་དོན་གཉེར་ལ་གཞོལ་དགོས། གཞན་གྱི་སྔོན་ལ་བྱེད་ཕོད་པ་དང་། འགག་སྒྲོལ་བྱེད་ཕོད་པ། སྤྱང་གྲུང་དང་བློ་གྲོས་ལ་བརྟེན་ནས་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ། གསར་འབྱེད་ཡར་བརྩོན་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས། འབད་འཐབ་ཀྱི་ལང་ཚོར་བཀྲག་མདངས་འཚེར་བ་དང་། ལང་ཚོའི་འགྲན་ལམ་དུ་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱེད་པ། འཇོན་ཐང་དངོས་ལ་བརྟེན་ནས་བྱ་གཞག་ཆེན་པོ་གཏོད་པ་བཅས་བྱས་ཏེ་མེས་རྒྱལ་དང་། མི་རིགས། མི་དམངས། མིའི་རིགས་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པའི་རིང་ལང་ཚོར་བཀྲག་མདངས་འཚེར་བར་བྱེད་དགོས།