ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཆེད་རང་ནུས་ཡོད་རྒུ་བཏོན་པ།

ཀྲུང་གོ་འཕྲུལ་འཁོར་བཟོ་ལས་ལས་གྲྭ་ཚོགས་པ་སར་པི་ཡ་རྣམ་གྲངས་ཀྱི་ཀྲུང་གོའི་གཞོན་ནུའི་སྐོར་བཀོད་པ།

སྤེལ་དུས 2022-05-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  “ལས་ཀ་བྱེད་རིང་རང་ཉིད་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ཆེད་རང་ནུས་ལྷག་མ་འདོན་སྤེལ་ཧུར་ཐག་བྱེད་ཐུབ་པའི་རེ་བ་ཡོད”ཅེས་སར་པི་ཡར་བཅའ་སྡོད་ཀྲུང་གོ་འཕྲུལ་འཁོར་བཟོ་ལས་ལས་གྲྭ་ཚོགས་པའི་ཉོ་སྒྲུབ་ལག་རྩལ་ཆེ་མོ་བ་ཚའེ་ལེས་ཕྱི་རྒྱལ་དུ་ཐོག་མར་བཅའ་སྡོད་བྱེད་སྐབས་ཀྱི་བསམ་ཚུལ་གླེང་སྐབས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དེ་ལྟར་བརྗོད། ཚའེ་ལེ་དང་འདྲ་བར་སར་པི་ཡའི“རྒྱུད་གཅིག་ལམ་གཅིག”རྣམ་གྲངས་ནང་ལས་ཀ་བྱེད་མཁན་ཀྲུང་གོའི་གཞོན་ནུ་ད་དུང་མང་པོ་ཡོད་ཅིང་། ཁོང་ཚོས་ལས་ཀ་ཧུར་ཐག་བྱས་པ་ལས་རྣམ་གྲངས་རེ་རེ་བཞིན་ཇུས་འགོད་དཔེ་རིས་ཤིག་ནས་དངོས་སུ་སྐྲུན་ཐུབ་པ་བྱུང་སྟེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་མཐུད་སྒུལ་ཤུགས་བསྣན་ཡོད་པ་རེད།
  ལོ་28ལ་སླེབས་པའི་ཚའེ་ལེ་སར་པི་ཡར་བཅའ་སྡོད་བྱས་ནས་ལོ་གཉིས་ཙམ་སོང་ཞིང་། ཁོང་གིས“གློག་ཁང་རེ་རེ་བཞིན་བསྐྲུན་པ་དང་སྒྲིག་ཆས་ཚང་མ་སྒྲིག་སྦྱོར་ཡག་པོ་བྱུང་བ་མཐོང་དུས་ངའི་སེམས་པ་དགའ་བ་འབུམ་གྱིས་བརྟས་བྱུང་ལ་གྲུབ་འབྲས་ཐོབ་སེམས་ཀྱང་ཆེན་པོ་བྱུང”ཞེས་བརྗོད།
  ཚའེ་ལེས་བརྗོད་པ་ནི་ཀྲུང་གོ་དང་སར་པི་ཡ་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་སྟེ། ཀྲུང་གོ་འཕྲུལ་འཁོར་བཟོ་ལས་ལས་གྲྭ་ཚོགས་པས་སྐྲུན་འགན་འཁུར་བའི་སར་པི་ཡའི་ཁོའོ་སི་ཐུའོ་ལཱ་ཚེ་གློག་ཁང་རྣམ་གྲངས་དེ་ཡིན་ཞིང་། འདི་ནི་ཉེ་བའི་ལོ་30ཡི་རིང་སར་པི་ཡར་བསྐྲུན་པའི་ནུས་རྒྱུའི་བཟོ་གྲྭ་ཆེ་གྲས་དང་པོ་དེ་ཡིན་པས། སར་པི་ཡའི་ནུས་རྒྱུའི་བདེ་འཇགས་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
  ཚའེ་ལེ་དང་འདྲ་བར་ལོ་24ལ་སླེབས་པའི་ཤེ་ཨན་ཉིས་ཀྱང་ཁོའོ་སི་ཐུའོ་ལཱ་ཚེ་གློག་ཁང་གི་དུས་ཐེངས་གཉིས་པའི་ལས་གྲྭ་འཛུགས་སྐྲུན་ཆེད་འབད་འཐབ་བྱེད་བཞིན་ཡོད། ཁོང་གིས་རྣམ་གྲངས་སྐྲུན་ཡུལ་དུ་སར་པི་ཡའི་སྐད་སྒྱུར་གྱི་འགན་འཁུར་གྱི་ཡོད་པ་དང་ལས་ཡུལ་གྱི་ལས་ཀའི་དཀའ་ངལ་གསལ་ཤོས་ཤེས་ཀྱི་ཡོད་ཅིང་། ཤེ་ཨན་ཉིས“ཕྱི་རྒྱལ་དུ་ལས་ཀ་བྱེད་པ་དང་དེ་སྔའི་ངའི་བསམ་ཚོད་དབར་ཧེ་བག་ཆེན་པོ་འདུག”ཅེས་བརྗོད།
  ཡིན་ནའང་ལོ་གཅིག་རིང་ལས་ཀ་བྱས་པ་བརྒྱུད། ཤེ་ཨན་ཉིས་ག་ལེར་དེ་གར་གོམས་པ་མ་ཟད་ཟམ་མི་ཆད་པར་སློབ་སྦྱོང་དང་རང་ངོས་ཀྱི་འཇོན་ཐང་ཆེ་རུ་གཏོང་གི་ཡོད། ཁོང་གིས་ཕྱི་རྒྱལ་དུ་ལས་ཀ་བྱེད་སྐབས་སྦྱངས་པ་གོ་ཆོད་བྱུང་ནས་ལག་ལེན་ཁྲོད་རང་ཉིད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་མ་ཟད་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱ་རྒྱུ་དེའང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་གཞག་ཁྲོད་མཉམ་འདྲེས་བྱེད་ཐུབ་ཀྱི་འདུག་ཅེས་བརྗོད།
  དེ་དང་འདྲ་བར་སར་པི་ཡའི་སྐད་སྦྱོང་མཁན་དབན་ཡུས་ཤའོ་ཡིས། ངའི་བསམ་འདུན་ནི“རང་ཉིད་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་བྱས་ནས་ཀྲུང་གོ་དང་སར་པི་ཡའི་དབར་སྦྲེལ་ཟམ་ཞིག་བསྐྲུན་རྒྱུ་དེ་ཡིན”དེས་མ་ཟད་ཀུང་སི་འཕེལ་རྒྱས་དང་ཀྲུང་གོའི་མ་འཇོག་ཁེ་ལས“ཕྱིར་བསྐྱོད་རྒྱུར”རང་ནུས་ཡོད་རྒུ་འདོན་རྒྱུ་ཡིན་ཞེས་བརྗོད།
  དབན་ཡུས་ཤའོ་ཡིས་ཀྲུང་གོ་འཕྲུལ་འཁོར་བཟོ་ལས་ལས་གྲྭ་ཚོགས་པར་ཚོང་དོན་གཙོ་གཉེར་གྱི་འགན་འཁུར་ཞིང་། ཁོང་གིས། ལས་ཀ་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བ་དང་། ནང་མི་དྲན་པ། རིམས་ནད་སོགས་ཀྱི་རྐྱེན་པས་དཀའ་ངལ་མང་པོ་འཕྲད་མྱོང་ཡོད། འོན་ཀྱང་ངས་དཀའ་ངལ་དེ་དག་ཁྱད་བསད་བྱས་ཏེ་སློབ་སྦྱོང་བྱེད་མཚམས་མ་བཞག་པར་ཉིན་ལྟར་སློབ་སྦྱོང་ཁྲོད་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞོལ་གྱི་ཡོད་ཅེས་བརྗོད།
  མིག་སྔར། ཁོའོ་སི་ཐུའོ་ལཱ་ཚེ་གློག་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་བདེ་བླག་ངང་སྐྲུན་བཞིན་ཡོད། ཀྲུང་གོ་འཕྲུལ་འཁོར་བཟོ་ལས་ལས་གྲྭ་ཚོགས་པས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་གསལ། གློག་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་སྤྱིའི་ཆ་ནས་ལས་མཇུག་འགྲིལ་ཚད་80%ཙམ་ཟིན་པ་དང་། རྣམ་གྲངས་བསྐྲུན་རྗེས་ས་གནས་དེ་གར་གློག་དཀོན་པའི་གནས་ཚུལ་ལེགས་སུ་ནུས་ལྡན་འགྲོ་རྒྱུ་རེད། གསར་དུ་བསྐྲུན་པའི་B3འཕྲུལ་ཚན་གྱིས་སར་པི་ཡའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་བསྡོམས་འབོར་གྱི་5%ཙམ་བཟུང་ནས་གློག་གཏོང་བའི་ཐད་བློས་འགེལ་ཆོག་པའི་རང་བཞིན་དང་བདེ་འཇགས་རང་བཞིན་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་རེད།
  2021ལོའི་ཟླ་12པར། སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཁོའོ་སི་ཐུའོ་ལཱ་ཚེ་གློག་ཁང་ལ་ལྟ་ཞིབ་བྱེད་སྐབས་རྣམ་གྲངས་དེར་གདེང་འཇོག་ཆེན་པོ་བྱས་ཤིང་། ཁོང་གིས་གསར་དུ་བསྐྲུན་པའི་B3འཕྲུལ་ཚན་སྤྱོད་འགོ་ཚུགས་རྗེས་སར་པི་ཡའི་གློག་ཤུགས་མ་ལག་ལེགས་སུ་ནུས་ལྡན་ཕྱིན་ནས་མི་ཚང་མས་གློག་སྤྱོད་རྒྱུ་ཡོང་ངེས་རེད་ཅེས་བརྗོད་པ་རེད།