ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཞུན་བརྡར་གཏོང་རིང་འཚར་ལོངས་ཡག་པོ་ཡོང་བར་བྱེད་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  “ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ཁྲོད་ངས་ལང་ཚོ་སྐྱེས་སུ་ཕུལ་བས་དེ་ནི་རང་ཉིད་སྤོབས་པ་སྐྱེ་འོས་ལ་བརྗེད་པར་དཀའ་བའི་དུས་སྐབས་ཤིག་ཀྱང་ཡིན” 2022ལོའི་ལོ་འགོར་ཕ་ཁི་སི་ཐན་གྱི་ས་ཤི་ཝར་རྡོ་སོལ་གློག་ཁང་གི་ཀྲུང་གོ་ཕྱོགས་ཀྱི་གཉེར་སྐྱོང་དོ་དམ་པ་སུན་ཀྲེན་གྱིས་རང་ཉིད་ཀྱིས་རྔུལ་ཆུ་འདོན་མྱོང་བའི་ས་གཞི་དེ་ནས་ཁ་བྲལ་ཏེ་མི་ཚེའི་བཤུལ་ལམ་གསར་པ་ཞིག་འགོ་བརྩམས།
  ས་ཤི་ཝར་གློག་ཁང་ནི་ཕ་ཁི་སི་ཐན་གྱི་ཕང་ཧྲུའུ་ཕུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ལ་ཧོར་གྱི་ལྷོ་ནུབ་སྤྱི་ལེ་120ཙམ་གྱི་སར་གནས་ཤིང་། ལ་ཧོར་ནི་ཕ་ཁི་སི་ཐན་གྱི་དཔལ་འབྱོར་ལྟེ་གནས་གྲས་ཤིག་ཡིན་པ་དང་དེ་གར་མི་ཚོགས་སྟུག་ལ་ཐོན་ལས་གཅིག་སྡུད་ཁུལ་ཞིག་ཡིན། དུས་ཡུན་རིང་པོའི་ནང་གློག་ཡང་ཡང་ཆད་པ་ལས་ལ་ཧོར་གྱི་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་བཟོས་ནས་དབྱར་དུས་གྲོང་མི་ཚ་གདུག་ཆེ་དྲག་ནས་འཚོ་སྡོད་དཀའ་བ་དང་བཟོ་གྲྭ་དང་ཁེ་ལས་མང་པོ་འཁོར་རྒྱུག་བྱེད་ཐབས་བྲལ་ཡོད། 2015ལོར་ས་ཤི་ཝར་གློག་ཁང་བསྐྲུན་ཟིན་ནས་ཕ་ཁི་སི་ཐན་གྱི་གློག་ཤུགས་ཀྱི་སྟོང་ཆ1/4བསྐངས་ཏེ་ལ་ཧོར་དང་ཉེ་འཁོར་ས་ཁུལ་གྱི་གློག་ཤུགས་མཁོ་འདོན་འགན་ལེན་ཆེན་པོ་བྱས་པ་རེད།
  ཕ་ཁི་སི་ཐན་གྱི་ལག་རྩལ་ཤེས་ལྡན་པ་ཁ་ཐང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་རམ་འདེགས་བྱ་ཆེད་གློག་ཁང་དེ་འཁོར་རྒྱུག་བྱེད་པའི་ཐོག་མའི་དུས་སུ་ཕ་ཁི་སི་ཐན་ཕྱོགས་ཀྱི་བཟོ་པ་བསྡུས་ཏེ་ལས་དོན་དངོས་ཁྲོད་ཁོང་ཚོའི་ནུས་པ་སྐྱེད་སྲིང་བྱེད་རོགས་བྱས་པ་དང་འབྲེལ་གློག་ཁང་འཁོར་རྒྱུག་གི་ལས་དོན་རིམ་བཞིན་འགན་འཁུར་དུ་བཅུག་པ་རེད།
  ཀྲུང་གོ་ཕྱོགས་ཀྱི་གཉེར་སྐྱོང་དོ་དམ་མི་སྣ་ཡིན་པའི་ངོས་ནས་སུན་ཀྲེན་གྱིས་སྣེ་ཁྲིད་པའི་ཚོགས་ཆུང་ཁྲོད་ཕྱེད་ཀ་ནི་ཕ་ཁི་སི་ཐན་གྱི་ལས་བཟོ་ཡིན་པ་དང་ཧ་སང་ནི་དེའི་ཁྲོད་ཀྱི་གཅིག་རེད། ཁོང་སློབ་གྲྭ་ཆེ་མོ་ཐོན་མ་ཐག་ཡིན་པས་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡག་པོ་ཡོད་མོད། འོན་ཀྱང་དངོས་ཡོད་ཀྱི་ལས་ཀའི་ཉམས་མྱོང་འདང་གི་མེད། གློག་ཁང་ཡུན་རིང་འཁོར་རྒྱུག་བརྟན་པོ་ཡོང་བ་བྱ་ཆེད་སུན་ཀྲེན་གྱིས་རང་ཉིད་ཀྱི་ཉམས་མྱོང་དང་རྩལ་ནུས་དག་སེར་སྣ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཕ་ཁི་སི་ཐན་གྱི་ལས་བཟོར་བརྒྱུད་སྤྲོད་བྱས། “ཁོང་ཚོ་གསོ་སྐྱོང་ཡག་པོ་བྱེད་པ་ནི་གློག་ཁང་གི་འབྱུང་འགྱུར་ལ་འགན་འཁུར་བ་ཞིག་ཡིན”
  རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་སུན་ཀྲེན་གློག་ཁང་གི་རིམས་ནད་སྔོན་འགོག་ལས་དོན་གྱི་འགན་འཁུར་བར་བསྐོ་གཞག་བྱས། ཁོང་གིས་རིམས་ནད་སྔོན་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་ཁྲི་1000གིས་རྒྱུན་གཏན་ངང་གློག་སྤྱོད་པའི་དགོས་མཁོ་འགན་ལེན་བྱ་ཆེད་ཡིན་པས་ལས་དོན་དེར་ནོར་འཛོལ་གཏན་ནས་ཤོར་མི་རུང་བ་གསལ་པོ་ཤེས་ཀྱི་ཡོད། ཁོང་གིས་རིམས་འགོག་བླང་བྱ་བཟོ་བར་དཀའ་ངལ་མེད་མོད། ཚང་མས་ལག་བསྟར་ནན་ཏན་ཐུབ་པའི་འགན་ལེན་བྱ་རྒྱུར་དཀའ་ངལ་ཡོད་ཅེས་བཤད། ཁོང་ཚོས་གོ་སྐབས་མཐའ་དག་དམ་འཛིན་གྱིས་ཚང་མར་རིམས་ནད་སྔོན་འགོག་བྱེད་པ་དེས་གློག་ཁང་འཁོར་རྒྱུག་དང་ཉེ་འཁོར་མང་ཚོགས་ཀྱི་གློག་སྤྱོད་འགན་ལེན་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་བྱས་པ་དང་། སེམས་ནང་འགན་འཁྲི་འཁུར་སེམས་དེ་ལྟ་བུ་ཡོད་སྟབས་ཀྲུང་ཕ་ཕྱོགས་གཉིས་པོའི་ལས་བཟོས་རིམས་ནད་སྔོན་འགོག་གི་བླང་བྱ་ལག་བསྟར་བྱེད་པར་ཧ་རི་ཧུ་རི་གཏན་ནས་མེད་པ་བྱེད་ཐུབ་ཡོད།
  2015ལོ་ནས་བཟུང་ཕ་ཁི་སི་ཐན་དུ་སླེབས་པ་ནས་2022ལོར་ཁ་བྲལ་བའི་བར་གྱི་བགྲང་བྱ་བདུན་ནང་སུན་ཀྲེན་གྱིས་ཉམས་མྱོང་དང་ཞུན་བརྡར་དེར་དགའ་སྣང་ཆེན་པོ་བྱེད་པ་དང“ང་ཚོས་འབད་བརྩོན་གྱིས་ཕ་ཁི་སི་ཐན་གྱི་གློག་དཀོན་པའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་པ་དང་ང་ཚོ་རང་ཉིད་ཀྱི་མི་ཚེའང་དོན་སྙིང་ལྡན་པ་ཞིག་ཏུ་གྱུར་ཡོད”ཅེས་བཤད།