ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

གངས་ལྗོངས་ས་མཐོའི་ངལ་རྩོལ་པས། རྔུལ་ཆུ་བཏོན་ནས་འབྲས་བཟང་སྨིན་པར་བརྩོན།

སྤེལ་དུས 2022-05-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  གངས་ལྗོངས་ས་མཐོར་ལས་དོན་སྒྲུབ་པར་ས་མཐོའི་གསོ་རླུང་དཀོན་པ་དང་ཆ་རྐྱེན་ཧ་ཅང་ཞན་པོ་སོགས་ཀྱི་དཀའ་ངལ་འཕྲད་སྲིད། དེས་ན་ངལ་རྩོལ་པ་མི་རབས་ནས་མི་རབས་བར་གྱིས་ས་མཐོར་འགག་སྒྲོལ་དཀའ་སེལ་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ནས་ངལ་རྩོལ་པའི་རོལ་དབྱངས་རེ་རེ་བརྩམས་ཡོད། ཉེ་ཆར། གསར་འགོད་པས་2020ལོར་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བའི་མཚན་སྙན་ཐོབ་པའི་ངལ་རྩོལ་པ་གསུམ་ལ་བཅར་འདྲི་ཞུས་ཏེ། ཁོང་ཚོས་རང་སོ་སོའི་ལས་གནས་ཐོག་ནུས་པ་འདོན་སྤེལ་བྱས་པའི་གཏམ་རྒྱུད་ཉན་པ་ཡིན།
  ཉེ་བའི་ལོ་30རིང་གློག་འདོན་ལས་ལ་གཞོལ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན།
  གློག་ཡོད་བཞིན་དུ་ལས་ཀ་བྱེད་པ་ནི་དཀའ་ཚེགས་ཧ་ཅང་ཆེ་ལ་ཉེན་ཁ་ཆེ་བ་ཞིག་ཡིན་མོད། འོན་ཀྱང་དེ་ནི་མང་ཚོགས་ཀྱི་གློག་སྤྱོད་འགན་ལེན་བྱེད་པའི་ལག་རྩལ་གལ་ཆེན་ཞིག་རེད། ཚ་གདུག་དང་གྲང་ངར་ཇི་ཙམ་ཆེ་རུང་བཀྲ་ཤིས་ཉི་མས་གློག་རྒྱུན་གཅོད་པའི་རླངས་འཁོར་གྱི་སྐས་ཁ་འཛེགས་ཏེ་གློག་ཡོད་པའི་མཐོ་གནོན་གློག་སྐུད་ཀྱི་འགལ་རྐྱེན་སྣ་ཚོགས་སེལ་དགོས་ཀྱི་ཡོད།
  ད་བར་བཀྲ་ཤིས་ཉི་མས་གློག་ཤུགས་ལས་ཀ་ལོ་30ཙམ་བྱས་པ་དང་། 2015ལོའི་ལོ་མཇུག་ཏུ་ཁོང་གསོ་སྦྱོང་ནང་ཞུགས་པ་བརྒྱུད་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ས་བབ་མཐོ་བའི་གློག་ལས་པ་དང་པོར་གྱུར།
  "ས་མཐོར་གློག་ལས་བྱེད་པར་ཉེན་ཁ་ཧ་ཅང་ཆེ་བས་ཡིན་གཅིག་གཟབ་གཟབ་བྱེད་དགོས"ཞེས་བཀྲ་ཤིས་ཉི་མས་ས་བབ་མཐོ་བའི་ས་ཁུལ་གྱི་རླུང་ཁམས་ཀྱི་གློག་རྒྱུན་གཅོད་ནུས་ཆུང་དུ་ཆེས་ཆེར་འགྲོ་བ་དང་། ལས་དོན་སྤེལ་སྟངས་ཞིང་ཆེན་གཞན་དང་བསྡུར་ཚེ་ཧེ་བག་ཧ་ཅང་ཆེ་བས་འབྲེལ་ཡོད་ཉམས་མྱོང་འདྲ་བཤུས་བྱེད་མི་རུང་ཞེས་བཤད།
  "མཐོ་གནོན་གློག་སྐུད་ལ་སྣང་ཆུང་ཕྲན་བུ་ཤོར་ཚེ་གྱོང་གུན་ཆེན་པོ་བཟོ་སྲིད་པས་ཧ་རི་ཧུ་རི་སྤུ་ཙམ་ཡང་བྱེད་མི་རུང"ཞེས་གློག་ཡོད་པའི་གློག་སྐུད་བཟོས་ནས་ལོ་6ལྷག་ཙམ་སོང་རིང་ཁོང་གི་ལས་སྒྲུབ་ཚོགས་ཆུང་དུ་ལས་འཛོལ་གཅིག་ཀྱང་ཐོན་མྱོང་མེད་ཅེས་བཤད།
  2018ལོར་བཀྲ་ཤིས་ཉི་མར"བོད་ཀྱི་བཟོ་བོའི"མཚན་སྙན་ཐོབ་པ་རེད། "ང་ཚོ་ཚང་མས་ཁོང་ལ་བཟོ་བོ་ཞེས་མཛའ་བརྩེའི་ངང་འབོད་པ་དང་ཁོང་ནི་ཕྱི་ཚུལ་ནས་བལྟས་ན་སྒམ་བརླིང་ལྡན་པ་ཞིག་ཡོད་མོད། འོན་ཀྱང་སེམས་རྩ་འཁོལ་པོ་ཡོད"ཅེས་གློག་འགན་ལེན་པན་གྱི་པན་ཀྲང་ཝང་ཤིན་ཤིན་གྱིས་བཤད་པ་དང་པན་དེར་མི་གསར་པ་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་ཕྱི་ཕྱོགས་སུ་ལས་དོན་སྤེལ་སྐབས་བཟོ་བོ་ཡོད་ཕྱིན་ཚང་མ་བློ་ཧ་ཅང་བདེ་ལ་ཁོང་ནི"སེམས་རྣལ་རིལ་བུ"ལྟ་བུ་ཞིག་རེད།
  ནས་དང་ལས་དབང་དམ་པོར་སྦྲེལ་ནས་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་ཕྱིར་གཏོང་བྱས་པ།
  བོད་ལྗོངས་ཙང་ཡོན་ནས་ཚན་རྩལ་ཚད་ཡོད་ཀུང་སིའི་ནས་ཉམས་ལེན་ཁང་དུ་ལོ་32ལ་སླེབས་པའི་ལྷག་ཆུང་གིས་ཆང་སྙོལ་རྫ་མ་ནས་སེར་ཐིང་ཐིང་གི་ནས་ཀྱི་སྦི་རག་ཉིང་ཁུ་བཏོན།
  "ད་ཆ་ནས་ཆང་སོས་ཉར་གྱི་བཟོ་རྩལ་དེ་བས་ཡག་པོ་ཡོད་པས། དུས་ཡུན་རིང་པོ་ཉར་ཚགས་ཐུབ་པ་དང་རྒྱལ་ཡོངས་ས་ཆ་ཁག་ཏུ་བྲིན་ཚོང་བྱེད་པར་སྟབས་བདེ་པོ་འདུག"ཅེས་ལྷག་ཆུང་གིས་བཤད་པ་དང་ནས་ཀྱི་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་ཕྱིར་གཏོང་བྱེད་བཞིན་མཆིས།
  ད་ཕན་ལོ་ཤས་རིང་ཀུང་སིས་ནས་འབྲས་དང་། ནས་ཕྱེ། ནས་ཐུག་སོགས་ཐོན་རྫས་གསར་པ་སྔ་རྗེས་སུ་ཁྱབ་གདལ་བཏང་ཡོད། "ནས་ཆག་ནི་འབྲས་དང་མཉམ་དུ་རླངས་བཙོས་རྒྱག་ཆོག་པ་དང་། ནས་ཕྱེ་ནི་སྤྱིར་ན་འོ་རྩམ་དང་བསྲེས་ཏེ་ཏན་ཞིམ་སོགས་བཟོ་ཆོག་པ། ནས་ཐུག་ནི་བོད་ཐུག་དང་འདྲ་བར་བཙོས་ནས་བཟའ་ཆོག་ལ་བརྔོས་ནས་བཟས་ནའང་འགྲིག"ཅེས་ལྷག་ཆུང་གིས་ངོ་སྤྲོད་བྱས་པ་དང་ཐོན་རྫས་མི་ཉུང་བ་ཞིག་བོད་ཟས་ཁང་དུ་ཁྱབ་གདལ་བཏང་ཡོད་པ་རེད།
  "ངལ་རྩོལ་དཔེ་བཟང་བས་སྣེ་ཁྲིད་དང་ཁྲིད་སྟོན་ནུས་པ་འདོན་དགོས"ཞེས་ལྷག་ཆུང་གིས་བཤད་པ་དང་། 2021ལོའི་ཟླ་7པར་ཁོང་གིས་སྣེ་ཁྲིད་དེ་གསར་གཏོད་ལས་ཤག་བསྐྲུན་ནས་ཐོན་རྫས་ཞིབ་སྤེལ་ཐད་འབད་བརྩོན་ཧུར་ཐག་བྱས་པ་རེད།
  ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་འཛོམས་སྐྱིད་ཀྱིས་ཐོན་རྫས་ཉིན་རེ་བཞིན་སྣ་ཁ་མང་དུ་འགྲོ་བ་དང་སྦྲགས། ན་ནིང་བོད་ལྗོངས་ཙང་ཡོན་ནས་ཚན་རྩལ་ཚད་ཡོད་ཀུང་སིས་ཡུལ་དེ་ག་ནས་ཉོ་སྒྲུབ་བྱེད་ཚད་ཏུན་1100ལྷག་ཙམ་ཟིན་པ་དང་རྒྱ་མ་རེའི་རིན་གོང་སྒོར་2.5ཙམ་ཟིན་ནས་ཡུལ་དེའི་མི་སེར་གྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད་ཅེས་བཤད།
  གངས་ལྗོངས་ཀྱི་གོས་དཀར་ལྷ་མོས་རྟག་ཏུ་ནད་པར་བརྩེ་སེམས་བཅངས།
  རང་ཉིད་ཀྱི་ལས་ཀའི་ལོ་རྒྱུས་སྐོར་གླེང་སྐབས་བོད་ལྗོངས་སློབ་ཆེན་ཞོར་གཏོགས་ཧྥུའུ་ཁང་སྨན་ཁང་གི་ལོ་37ལ་སླེབས་པའི་སྨན་གཡོག་དཔོན་བསོད་སྒྲོན་གྱིས་ང་ལ་ལས་ཀ་འདི་བློས་གཏོང་བྱེད་རྒྱུའི་བསམ་བློ་ཐེངས་གཉིས་འཁོར་མྱོང་། ཡིན་ནའང་དེ་ལས་ངའི་ལས་ཀའི་ཧུར་སེམས་ཡང་ཆེ་རུ་ཕྱིན་སོང་ཞེས་བཤད།
  ཐེངས་གཅིག་ནི་2006ལོར་ཐོག་མར་མཚན་ལས་བྱེད་སྐབས་ཁོང་གིས་ཕྲུ་གུ་དམར་འབྱར་ཞིག་ལ་ཚ་བ་གཅོག་པའི་ཁབ་ཡག་པོ་རྒྱག་མ་ཐུབ་པས། ཕྲུ་གུའི་ངུ་སྐད་དང་ཁྱིམ་བདག་གི་དངངས་སྐྲག་ལས་ཁོང་ལ་གནོང་འགྱོད་ཆེན་པོ་བྱུང་ནས་བློས་གཏོང་གྲབས་བྱས་མོད། ཡིན་ནའང་ཉིན་གཉིས་པར་ཕྲུ་གུའི་འཛུམ་མདངས་མཐོང་དུས་དེ་སྔ་བྱུང་མྱོང་མེད་པའི་ཚོར་སྣང་ཞིག་བྱུང་།
  གཅིག་ཤོས་ནི་2016ལོར། བསོད་སྒྲོན་གྱི་པ་ཕ་ཁྱིམ་གྱི་སྒོ་ཁར་འགྱེལ་བ་དང་སྐབས་དེ་དུས་ནད་པར་མྱུར་སྐྱོབ་བྱེད་བཞིན་པའི་བསོད་སྒྲོན་གྱིས་པ་ཕས་བརྒྱབ་པའི་ཁ་པར་མཇུག་ཤོས་དེ་ལེན་མ་ཐུབ་པར། མཐར་པ་ཕ་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་ཐོན་མེད་པའི་གནས་ཚུལ་དེ་ནི་ཁོང་གི་ཚེ་གང་རིང་བློ་ཕམ་ཤོས་ཀྱི་བྱ་བ་ཞིག་རེད།
  པ་ཕའི་སྐོར་གླེང་སྐབས་ཁོང་གིས"བློ་ཕམ་ཧ་ཅང་ཆེན་པོ་བྱུང་། འོན་ཀྱང་ངས་ལས་ཀ་ཧུར་ཐག་བྱས་ཏེ་ལག་རྩལ་ཡག་པོ་སྦྱངས་ནས་ནད་པ་དེ་བས་མང་བར་རོགས་རམ་བྱེད་པའི་སེམས་ཐག་བཅད་པ་ཡིན"ཞེས་མིག་ཆུ་གཏོང་བཞིན་བརྗོད།
  རྣམ་ཀུན་བསོད་སྒྲོན་ལ་ཉིན་མཚན་དབྱེར་མེད་དུ་ལས་ཀ་བྱེད་པའི་ཧུར་སེམས་ཡོད་པ་དང་། སྨན་ཁང་དུ་དགོས་མཁོ་ཡོད་ཚེ་འཁོར་ཞག་དུས་སུའང་སྨན་ཁང་དུ་རོགས་པར་ཡོང་གི་ཡོད། བསོད་སྒྲོན་དང་མཉམ་དུ་ལས་ཀ་བྱས་ནས་ལོ་15ཙམ་སོང་བའི་སྨན་གཡོག་པུའི་ཀྲུའུ་རེན་ལི་ལི་ཡིས་བསོད་སྒྲོན་གྱི་གཤིས་ཀ་ཁ་རི་ཁ་ཐུག་རེད། འཕྲལ་བཅོས་ཁོའོ་རུ་མཚན་མོར་རྩོད་གཞི་མང་པོ་ཐོན་གྱི་ཡོད་པས་དོན་དག་མང་པོ་ཁོང་གིས་ཐག་གཅོད་བྱས་ནས་དོན་ཆེན་ཆུང་དུ་གཏོང་བ་དང་དོན་ཆུང་ཐག་གཅོད་ཐུབ་ཀྱི་ཡོད་ཅེས་གདེང་འཇོག་བྱས།