ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཇོ་མོ་གླང་མའི་གསང་བ་བརྟོལ་ནས་ཀྲུང་གོའི་མཛད་རྗེས་རྡོ་རིང་བཞེངས།

ཀྲུང་གོའི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་མཐོ་ཚད་གསར་པ་བཏོད་པ།

སྤེལ་དུས 2022-05-20 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཇོ་མོ་གླང་མ། ས་བབ་མཐོ་ཚད་ལ་སྨི་8848.86ཟིན་པའི་རི་བོ་འདི་ཉིད་གོ་ལའི་རྩེ་དང་། ས་མཐོའི་པང་། གནམ་གྱི་འོག་ཏུ་ཀྲོང་ངེར་འགྱིངས་ཤིང་སྐྱེ་བོ་ཀུན་གྱི་སེམས་སུ་མཐོ་ཞིང་བརྗིད།
  1960ལོའི་ཟླ་5ཚེས་25ཉིན། ཀྲུང་གོ་བ་ཐེངས་དང་པོར་ཇོ་མོ་གླང་མའི་རྩེ་མོར་འཛེགས། ལོ་60ལྷག་ཙམ་གྱི་རིང་། ཀྲུང་གོ་བས་ཇོ་མོ་གླང་མར་འཛེགས་ནས་འཚོལ་ཞིབ་བྱེད་པའི་གོམ་སྟབས་ནམ་ཡང་མཚམས་འཇོག་མྱོང་མེད།
  “བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཕན་འབྲས་བསྐལ་བརྒྱར་ཐོན་ཞིང་གནམ་འོག་དྲིན་གྱིས་སྐྱོང་བའི་དོན་བཟང་ཞིག་རེད”ཇོ་མོ་གླང་མ་གནས་སའི་མཚོ་བོད་ས་མཐོར“འཛམ་གླིང་གི་ཡང་རྩེ”དང་། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག” “སའི་གོ་ལའི་སྣེ་གསུམ་པ”སོགས་དང་དེ་བཞིན“འཛམ་གླིང་གི་དག་ཞིང་མཐའ་མ”ཞེས་འབོད། འཛམ་གླིང་གི་གནམ་གཤིས་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་མཚོན་ན། མཐོ་ཞིང་བརྗིད་པའི་ཇོ་མོ་གླང་མ་དང་དེ་བཞིན་མཚོ་བོད་ས་མཐོར་རྒྱུས་མངའ་ལོན་པར་དོན་སྙིང་གལ་ཆེན་ལྡན་ཡོད།
  ལོ་ལྔའི་གོང་། ཁོར་ཡུག་འགྱུར་ལྡོག་གི་འབྱུང་རྐྱེན་ཤེས་པར་བྱས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་མ་ལག་ལེགས་སུ་གཏོང་ཆེད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ལས་དོན་ཐེངས་གཉིས་པ་སྤེལ་འགོ་ཚུགས། དབྱར་དཔྱིད་གཉིས་ཀྱི་སྦྲེལ་མཚམས་འདིར། “རི་རྩེའི་ལས་འགན”ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལས་དོན་སྤེལ་འགོ་བཙུགས་ཏེ། ཀྲུང་གོ་བ་སླར་ཡང་སའི་གོ་ལའི་ཡང་རྩེ་དང་མཚོ་བོད་ས་མཐོའི“ས་ཁམས་མཚོན་རྟགས”ལ་འཛེགས་པ་རེད།
  ཉེ་བའི་ལོ་ཤས་རིང་གཞི་ཁྱོན་ཆེ་ཤོས་དང་། ལས་འགན་ལྕི་ཤོས། འགྲན་སློང་མང་ཤོས་བཅས་ཀྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི“མཉམ་འཐབ་ཆེན་པོ”དང“འགག་སྒྲོལ་དམག་འཐབ”ལ། རྩེར་སོན་ཚན་རིག་པས་སྣེ་ཁྲིད་པའི་ཚོགས་པས་ཟིན་ཐོ་གསར་པ་མང་པོ་བཏོད་དེ་ཇོ་མོ་གླང་མའི་གསང་བ་བརྟོལ།
  སའི་གོ་ལའི་ཡང་རྩེ་ནས་གྲགས་པའི་ཚན་རིག་གི་འབོད་སྐུལ།
  ལོ་ཁྲི་6500ཡི་གོང་ནས་འགོ་བརྩམས་པའི་ཧི་མ་ལ་ཡའི་རི་བོ་གྲུབ་པའི་འགུལ་སྐྱོད་ལས་དེང་སྐབས་ཀྱི་གནམ་སའི་བར་དུ་ཀྲོང་ངེར་འགྱིངས་ཤིང“གཏོར་གཟུགས་མཆོད་རྟེན”ཆེན་པོ་ཞིག་དང་འདྲ་བའི་ཇོ་མོ་གླང་མ་འདི་ཉིད་གྲུབ་པ་རེད། སའི་གོ་ལའི་རྩེ་མོར་འགྱིངས་ངེར་ཆགས་པའི་ཇོ་མོ་གླང་མར་ཡིད་དབང་འཕྲོག་ཤུགས་ལྡན་དོན་ཅི་ཡིན་ཞེ་ན།
  རི་འཛེག་མཁས་ཅན་གྱིས་དེ་གར་རི་རྒྱལ་ཇོ་མོ་གླང་མ་ཡོད་པས་རེད་ཟེར།
  “རྩེ་མོར་འཛེག་ཐེངས་རེ་རེ་ནི་ཇོ་མོ་གླང་མར་གུས་འདུད་ཞུ་ཐེངས་རེ་རེ་རེད”ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་རི་འཛེགས་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཀྲ་ཤིས་ཕུན་ཚོགས་ནི་ཇོ་མོ་གླང་མའི་འདབས་སུ་སྐྱེས་པ་དང་། ད་ལོར་ཁོང་ཇོ་མོ་གླང་མར་འཛེག་ཐེངས་བཅུ་དྲུག་པ་རེད་ལ། ཁོང་གིས་ཀྲུང་གོ་བ་ཇོ་མོ་གླང་མའི་རྩེ་མོར་འཛེགས་པའི་ཐེངས་གྲངས་ཐད་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཁོང་གིས“ཇོ་མོ་གླང་མས་ང་རང་གསོ་སྐྱོང་བྱས་བྱུང་ལ་དང་ལེན་ཡང་བྱས་བྱུང”ཞེས་བཤད།
  ཚན་རིག་པས་དེ་གར་གསང་བ་མང་པོ་ཡོད་པས་རེད་ཟེར།
  མཚོ་བོད་ས་མཐོའི་འགྱུར་ལྡོག་ལས་འཛམ་གླིང་གི་ས་ཁུལ་གཞན་དག་ལ་ཡང་འགྱུར་ལྡོག་ཆེན་པོ་ཐེབས་ཀྱི་ཡོད། ཇོ་མོ་གླང་མ་ནི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་དོན་གལ་ཆེན་ཞིག་རེད་ལ། དེ་ཉིད་ཀྱི་སྐྱེ་ཁམས་མ་ལག་གི་འགྱུར་ལྡོག་ནི་སའི་གོ་ལ་ཆུང་ངུ་ཞིག་གི་ཡུལ་ལྗོངས་ལྟ་བུ་ཞིག་རེད།
  ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པའི་རུ་དཔོན་ཡའོ་ཐན་ཏུང་གིས“གང་དུ་མ་རྟོགས་པའི་གསང་བ་ཡོད་ན་ཚན་རིག་པ་ཚོ་དེ་གར་སྐྱོད་ཀྱི་ཡོད”ཅེས་བཤད།
  ལོ་21གོང་དུ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་པེ་ཅིང་སློབ་ཆེན་ཁོར་ཡུག་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི་ཡོན་ཀྲང་ཀྲུའུ་ཐུང་ཐེངས་དང་པོར་ཇོ་མོ་གླང་མར་བསླེབས་པ་རེད། ད་ཆ་ལོ་དྲུག་ཅུར་སླེབས་ཉེར་ཡོད་པའི་ཁོང་གིས“དྲི་ངན་གསོ་རླུང་གི་སྟུག་ཚད་སྔར་བཞིན་མཐོ་པོ་ཡོད་མེད་དང་། འཁྱགས་རོམ་ལྷགས་པ་རྒྱུན་མཐུད་ལྡང་གི་ཡོད་མེད། གསོ་རླུང་ཉུང་བའི་ཁར་དྲི་ངན་གསོ་རླུང་སྟུག་ཚད་མཐོ་པོ་ཡོད་པའི་ཁོར་ཡུག་གིས་ང་ཚོའི་བདེ་ཐང་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད”བཅས་ཀྱི་དྲི་ལན་འཚོལ་ཆེད་རྟག་ཏུ་ངལ་བ་མེད་པར་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད།
  ལོ་60ལྷག་གི་རིང་། ཀྲུང་གོའི་ཚན་རིག་པས་ཇོ་མོ་གླང་མར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ལས་དོན་ཐེངས་6སྤེལ་ཡོད། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ“རི་རྩེའི་ལས་འགན”ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལས་དོན་གྱི་མདུན་ཕྱོགས་སྤྱི་ཁྱབ་བཀོད་འདོམས་པ་ཨན་པའོ་ཧྲེང་གིས། ཐེངས་འདིའི་ཚན་རིག་རྟོག་ཞིབ་ཀྱིས་ཇོ་མོ་གླང་མའི་གསང་བ་སྔར་བས་མང་པོ་བརྟོལ་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
  ཚན་རིག་གི་ཡང་རྩེ་ནས་མངོན་པའི་ཀྲུང་གོའི་སྟོབས་ཤུགས།
  ཇོ་མོ་གླང་མའི་འདབས་སུ་གནས་པའི་བཀྲ་ཤིས་འཛོམས་ཤང་དུ་ཕྱི་དྲོ་ལྷགས་པ་ཧ་ཅང་ཆེན་པོ་ཡོད། དེ་གར་རྒན་རྒོན་ཚོའི་ངག་རྒྱུན་དུ་མི་རབས་ནས་མི་རབས་བར་བརྒྱུད་པའི་གཏམ་རྒྱུད་འདི་འདྲ་ཞིག་ཡོད་པ་སྟེ། “ཇོ་མོ་གླང་མའི་རྩེར་གསེར་བྱ་ཞིག་ཡོད་པ་དང་གལ་སྲིད་དེའི་རྩེ་མོར་འཛེག་མཁན་གྱིས་གསེར་བྱའི་སྒོ་ངར་རེག་ཐུབ་ཚེ་ནམ་ཡང་ལྷགས་པས་འཁྱེར་མི་སྲིད”ཟེར།
  ད་ལོའི“རི་རྩེའི་ལས་འགན”གྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལ། རྩེར་འཛེག་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གི་ཆ་ནས། ད་ཐེངས་ནི་བདེ་ཆེན་དངོས་གྲུབ་ཇོ་མོ་གླང་མའི་རྩེ་མོར་འཛེག་ཐེངས་ལྔ་པ་རེད། བདེ་ཆེན་དངོས་གྲུབ་ཀྱིས“རི་རྩེར་གསེར་གྱི་སྒོ་ང་མེད་ཀྱང་། དེ་ནས་བྱུང་བའི་ཚན་རིག་གི་གྲངས་གཞི་ནི་གསེར་གྱི་སྒོ་ང་ལས་ཀྱང་རྩ་ཆེ་བ་ཡོད”ཅེས་བཤད།
  ཟླ་བ་གཅིག་ལྷག་ཙམ་སོང་རྗེས་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་མཇུག་འགྲིལ་ཉེར་ཡོད། ཚན་རིག་རྟོག་ཞིབ་རུ་མི་བརྒྱ་ལྷག་ཙམ་གྱིས“ཚན་རིག་གི་ཡང་རྩེ”ནས“གསེར་གྱི་སྒོ་ང”མང་པོ་ཞིག་བླངས་ཡོད།
  ཟླ་5ཚེས་4ཉིན། བདེ་ཆེན་དངོས་གྲུབ་ཀྱིས་སྣེ་ཁྲིད་པའི་རྩེར་འཛེག་ཚོགས་ཆུང་གི་ཚན་རིག་རྟོག་ཞིབ་རུ་མིས་ཇོ་མོ་གླང་མའི་ས་བབ་མཐོ་ཚད་སྨི་8830ཡི་སར་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་བཙུགས་ནས་ཇོ་མོ་གླང་མའི་སྐས་རིམ་གནམ་གཤིས་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་པ་དང་། རྩེ་མོར་ཞིབ་ཚད་མཐོ་བའི་ལེ་ཏ་སྤྱད་དེ་གངས་འཁྱགས་ཀྱི་མཐུག་ཚད་ཐེངས་དང་པོ་འཇལ་བ་མ་ཟད། རྩེ་མོའི་གངས་འཁྱགས་ཀྱི་མ་དཔེ་འཚོལ་བསྡུ་ཡང་བྱས་པ་རེད།
  དེ་དང་སྦྲགས་གཏམ་བཟང་མང་པོ་གཅིག་རྗེས་གཉིས་མཐུད་དུ་གྲགས།
  ཟླ་5ཚེས་9ཉིན། འཁྱགས་རོམ་དང་སྦགས་བཙོག་དངོས་རྫས་རྟོག་ཞིབ་ཡན་ལག་རུ་ཁག་གིས་ས་བབ་མཐོ་ཚད་སྨི་6350ཡི་ཚན་རིག་རྟོག་ཞིབ་ལས་འགན་ལེགས་སྒྲུབ་བྱས་པ་རེད། ཁོ་ཚོས་ཆེད་ལས་མི་མེད་གནམ་གྲུ་དང་3Dསྐུལ་འོད་བཤར་འབེབས་ཡོ་ཆས་སྤྱད་དེ་ཇོ་མོ་གླང་མའི་ཤར་ངོས་དང་། དབུས་ཁུལ། ནུབ་ངོས་བཅས་ཀྱི་རོང་ཕུ་འཁྱགས་རོམ་ལ་ཚད་མཐོ་བའི་དབྱེ་འབྱེད་བཤར་འབེབས་བྱས་ཤིང་། རིམ་རྩིས་བྱས་ན་བཤར་འབེབས་བྱེད་ཚད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་22ཟིན་པ་དང་འཁྱགས་རོམ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དེ་ལོ་རྒྱུས་སུ་འབྱུང་མྱོང་མེད་པ་རེད།
  ཟླ་5ཚེས་15ཉིན། རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི“རྒྱང་ལྟ་ཨང་དང་པོ་རྟགས་ཅན”གྱི་དབྱིབས་IIIཔའི་འཕྱོ་གཡེང་འཕུར་གྲུས་འཛམ་གླིང་ཡང་རྩེའི་འདབས་ཀྱི་ཀྲུང་གོ་ཚན་རིག་ཁང་ཇོ་མོ་གླང་མའི་ས་ཚིགས་ཀྱི་ཉེ་འགྲམ་དུ་བར་སྣང་ལྟ་ཞིབ་ཚད་ལེན་གྱི་ལས་འགན་ལག་བསྟར་བྱས་པ་དང་། འཕུར་སྐྱོད་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་9032ཟིན་ཏེ་རླུང་ཁམས་ཆེན་པོའི་ཚན་རིག་ལྟ་ཞིབ་ཚད་ལེན་གྱི་འཛམ་གླིང་ཟིན་ཐོ་བཏོད་ཡོད།
  ཟིན་ཐོ་གསར་པ་དང་ཚད་བརྒལ་གསར་པ་ལས་མི་སེམས་ལ་སྐུལ་མ་ཐེབས།
  ཀྲུང་གོ་ཚན་རིག་ཁང་ཇོ་མོ་གླང་མའི་ས་ཚིགས་ཀྱི་ཀྲན་ཀྲང་མཱ་ཝུའེ་ཆང་གིས། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ལ་ཤེས་ལྡན་མི་སྣ་མང་པོ་ཡོད་པ་དང་། བེད་སྤྱོད་པའི་སྒྲིག་ཆས་སྔོན་ཐོན་ཡིན་པ། གསར་དུ་གཏོད་པའི་ཟིན་ཐོ་གསར་པ་མང་བ་བཅས་ལས། ཏང་དང་རྒྱལ་ཁབ་ཀྱིས་ཚན་རིག་རྟོག་ཞིབ་བྱ་གཞག་ལ་མཐོང་ཆེན་གནང་བ་མཚོན་པ་མ་ཟད། འཛམ་གླིང་ཡོངས་ལ་ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་ཕྱིན་པ་མངོན་པ་དང་། འཛམ་གླིང་ཡོངས་ཀྱི་ཚན་རྩལ་བྱ་གཞག་ཡར་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
  སྙིང་སྟོབས་ཀྱི་ཡང་རྩེར་བཞེངས་པའི་ཀྲུང་གོའི་མཛད་རྗེས་རྡོ་རིང་།
  “མི་ལས་མཐོ་བའི་ཡང་རྩེ་གཅིག་ཀྱང་མེད”ཇོ་མོ་གླང་མར་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པས་འཚོ་བ་དཀའ་ཚེགས་ཆེན་པོ་ཡོད། རང་རྒྱལ་གྱི་རྒན་དར་གཞོན་བཅས་མི་རབས་གསུམ་གྱི་ཚན་ཞིབ་མི་སྣ་ཚོས་དཀའ་སྤྱད་འབད་འཐབ་དང་། མཐུན་སྒྲིལ་ཡར་བརྩོན། ཡང་རྩེར་འཛེག་ཕོད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། “འཛམ་གླིང་གི་དག་ཞིང་མཐའ་མ”ཡག་པོ་སྲུང་ཆེད་རྔུལ་ཆུ་དང་། བློ་གྲོས། སེམས་ནུས་བཅས་ལེགས་སྐྱེས་ཕུལ་ཡོད།
  བོད་ལ“གངས་ལྗོངས”ཞེས་བརྗོད་ཀྱི་ཡོད། ཡའོ་ཐན་ཏུང་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་གི་ལས་ལ་གཞོལ་ཞིང་། གངས་འཁྱགས་དང་འགྲོགས་ནས་ལོ་བཅུ་ཕྲག་མང་པོ་ཕྱིན། ཁོང་ནི་ཀྲུང་གོའི་འཁྱགས་ཞུན་ཞིབ་འཇུག་གི་གསར་འབྱེད་པའི་གྲས་ཤིག་རེད། ཕེའོ་ཧྲི་ལུང་གིས“རྒན་ཡའོ་ལགས་ས་མཐོར་ཕྱག་ལས་གནང་སྐབས་ཀླུང་ཐང་དུ་གནས་པ་དང་འདྲ་བར་ས་མཐོར་མི་འཕྲོད་པ་བྱེད་མྱོང་མེད། བྱ་གཞག་འདིར་དགའ་ཞེན་ཆེན་པོ་ཡོད་པ་ལས་ཁོང་གི་སྙིང་སྟོབས་རྒྱས་པ་ཡིན་ཤས་ཆེ”ཞེས་བཤད།
  ད་ཐེངས་ཀྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལ་ད་དུང་བུད་མེད་རུ་མི་མི་ཉུང་བ་ཞིག་ཡོད། སྐྱེད་མའི་དུས་ཆེན་དང་སྐབས་འཁེལ་བས་ཁོ་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད།
  2005ལོར་ལན་ཀྲོའུ་སློབ་ཆེན་ཁྱབ་ཆེའི་སྣེ་གསུམ་པའི་ཁོར་ཡུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ལིའུ་ཡུང་ཆིན་ཇོ་མོ་གླང་མར་ཐེངས་དང་པོ་སྐྱོད་སྐབས། ཁོང་གི་བུ་མོ་སློབ་ཆུང་ཐོན་ནས་དམའ་རིམ་སློབ་འབྲིང་དུ་སྐྱོད་པའི་འགག་རྩའི་དུས་སུ་སླེབས་ཡོད་པས། དེའི་རིང་བུ་མོ་དང་མཉམ་དུ་སྡོད་ཁོམ་མ་བྱུང་བའི་བློ་ཕམ་དང་གནོང་འགྱོད་ད་ལྟའང་འཇགས་མེད།
  “ད་ལོའི་སྐྱེད་མའི་དུས་ཆེན་ལ་སླར་ཡང་ཇོ་མོ་གླང་མར་འཛེག་པ་དང་སྐབས་འཁེལ་བས། ལོ་ན་བགྲེས་པའི་ཨ་མར་གནོང་འགྱོད་ཆེན་པོ་སྐྱེ་གི་འདུག” ལིའུ་ཡུང་ཆིན་གྱིས“ཨ་མ་དང་མཉམ་དུ་སྡོད་ཁོམ་མ་བྱུང་བའི་ཁར་ཁོང་ལ་སེམས་ཁྲལ་བྱེད་དུ་བཅུག་སོང་། ངས་ཇོ་མོ་གླང་མར་བལྟས་ནས་སྙིང་ཉེ་བའི་ཨ་མ་གཟུགས་པོ་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ལས་མ་འདས”ཞེས་བཤད།
  ཁང་ཧྲི་ཁྲང་གིས་1993ལོ་ནས་མཚོ་བོད་ས་མཐོའི་རི་ཐང་རྟོག་ཞིབ་བྱེད་འགོ་ཚུགས་པ་དང་། ལོ་30ལྷག་ཙམ་རིང་གི་ཚན་རིག་རྟོག་ཞིབ་ལ་འཁྱགས་བགྲོད་གངས་ཉུལ་ནི་རྒྱུན་རྣམ་ཞིག་རེད།
  ད་ཐེངས་ཀྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལ་ཁང་ཧྲི་ཁྲང་སླར་ཡང་ས་བབ་མཐོ་ཚད་སྨི་6350ཡོད་པའི་སྒར་སར་འཛེགས་ཏེ། རང་དཔེ་གཞན་སྟོན་གྱིས་ཇོ་མོ་གླང་མར་ཚན་ཞིབ་ལས་དོན་སྤེལ་བ་རེད།
  ཀྲུང་གོ་བ་གངས་རླུང་ལ་མི་སྐྲག་པར་རྩེ་མོར་འཛེགས། ཇོ་མོ་གླང་མའི་གསང་བ་བརྟོལ་ནས་ཀྲུང་གོའི་སྟོབས་ཤུགས་ཀྱིས་སླར་ཡང་མཛད་རྗེས་རྡོ་རིང་བཞེངས།