ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སྤྱོད་ཚུལ་ལེགས་གཏོང་ལས་ཕྱོད་ཆེ་རུ་བཏང་། སེམས་ཤུགས་གཅིག་སྒྲིལ་དོན་འཁྱོལ་དམ་འཛིན་བྱས།

སྤེལ་དུས 2022-06-28 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས་རང་རྟོགས་ངང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། “དོན་ཆེན་བཞིར”གཞིགས་པ། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་ལེགས་གཏོང་གི་གྲུབ་འབྲས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།
  “གང་ཞིག་སྦྱོང་བ”འབུར་དུ་ཐོན་པར་བྱས་ནས་ལྟ་བ་འགྱུར་ལྡོག་གཏོང་བར་མགྱོགས་མྱུར་སྐུལ་འདེད་བཏང་བ།
  རྒྱལ་རྩེ་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དེ་སྤྱོད་ཚུལ་ལེགས་གཏོང་གི་གོམ་པ་དང་པོར་བརྩིས་ནས། སྤྱོད་ཚུལ་ལེགས་གཏོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལས་དོན་ལ་དམ་འཛིན་ནན་པོ་བྱེད་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ནན་ཏན་བྱས་པ་དང་འབྲེལ། རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས་མིག་དཔེ་སྟོན་ནས་སློབ་སྦྱོང་བྱེད་པ་དང་། ཆེད་དོན་བགྲོ་གླེང་དང་སྤེལ་རེས་བྱས་ནས་སློབ་སྦྱོང་བྱེད་པ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་ལག་ལེན་དང་བསྟུན་ནས་སློབ་སྦྱོང་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་ལས་སྒོ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ། ཡིག་རྒྱུགས་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་སློབ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་སྟེ་ཏང་ཡོན་ལས་བྱེད་པ་ཚོས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དེ“གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་དང་། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་པ་རེད།
  “ཇི་ལྟར་དམ་འཛིན”བྱེད་པར་དམིགས་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
  སྤྱོད་ཚུལ་ནི་གཟུགས་བརྙན་ཡིན་ལ་སྟོབས་ཤུགས་ཀྱང་ཡིན་ཞིང་། དེ་བས་བྱ་གཞག་ཁག་ཡག་པོ་སྒྲུབ་པའི་སྲོག་རྩ་ཡང་ཡིན། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། རྒྱལ་རྩེ་རྫོང་ཨུད་ཀྱིས་འཕྲལ་མར《རྒྱལ་རྩེ་རྫོང་ཨུད་ཚན་ཁག་གི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་གཏན་འབེབས་ཁག་བཅུ་གཉིས》བཟོས་ནས་དོན་འཁྱོལ་བྱས་པ་དང་། གཙོ་གནད་ལས་དོན“འགན་གཙང་ལེན་པའི”ལས་ཀའི་ལམ་ལུགས་འཛུགས་པ། རྫོང་ཨུད་རྒྱུན་ཨུད་ཚན་ཁག་གི་གཟའ་འཁོར་རེའི་གནས་ཚུལ་སྙན་སེང་ལམ་སྲོལ་བརྟན་དུ་བཏང་བ། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཀྱི་ནུས་པ་བཏོན་པ་བཅས་བྱས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་ནས་ལས་དོན་སྒྲུབ་པ་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་སྟོན་ནས་ལས་དོན་བསྒྲུབས་པ་རེད།
  དེ་དང་ཆབས་ཅིག་རྒྱལ་རྩེ་རྫོང་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རྒྱུ་དེ་ཞིབ་ཕྲའི་ལས་དོན་དངོས་ནས་མངོན་རྒྱུ་མཐའ་འཁྱོངས་ཀྱིས་རྫོང་ཡོངས་ཀྱི་ཤང(གྲོང་རྡལ)ཁག་དང་རྫོང་ཐད་གཏོགས་ལས་ཁུངས་ཚན་པས(སྡེ་ཚན)རྫོང་ཨུད་ཀྱི་ལོ་འཁོར་ལས་དོན་གྱི་གཙོ་གནད་ལ་གཞིགས་ནས་དོན་དངོས་དང་ཟུང་འབྲེལ་དང་། ལོ་འཁོར་གྱི་ལས་ཀའི་འཆར་གཞི་ཞིབ་ཕྲ་བཟོ་བ། གཙོ་གནད་ལས་ཀ་གསལ་ཐོ་ཅན་དང་། གསལ་ཐོ་འགན་འཁྲི་ཅན། འགན་འཁྲི་ཞིབ་ཕྲ་ཅན་བཅས་ཡོང་བ་བྱས་ཏེ་ལོ་ཧྲིལ་པོའི་ལས་དོན་ཚད་འབེབས་ཅན་དང་། དམིགས་ཚད་ཡོད་པ། ཁུངས་འདེད་ཐུབ་པ་བཅས་བྱས་པ་དང་ལས་དོན་ལ་ཞིབ་དཔྱད་ནན་པོ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་ལྟ་སྐུལ་མཛུབ་ཁྲིད་གནད་སྨིན་བྱས་ཏེ་ལས་དོན་སྤུས་ཚད་མཐོ་བ་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ་རེད།
  “སུས་ལྟ་སྐུལ”བྱེད་པ་གསལ་པོ་བཟོས་ནས་མི་དམངས་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱས་པ།
  རྒྱལ་རྩེ་རྫོང་གིས་ལས་ཀའི་གཞི་རྟེན་གསར་གཏོད་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐབས་ལམ་འཚོལ་ཞིབ། ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་ཚད་བརྒལ་དུ་བྱེད་པ། ལས་བྱེད་པའི་སྤྱོད་ཚུལ་ལ་ལྟ་སྐུལ་བྱེད་མཁན་ཡག་པོ་སྤྱོད་པ། མི་དམངས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་མ་ཟད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྣམ་པ་བཟང་པོ་བཏོད་པ་རེད།
  བརྒྱུད་རིམ་ཧྲིལ་པོར་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བསམ་འཆར་བསྡུ་ལེན་དང་། ཁུངས་སྣེ་ཐག་གཅོད། གནད་དོན་ཚུར་ལན་བཅས་ཀྱི་ལམ་ལུགས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་། ལྷག་པར་དུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པས་འགན་ཁུར་བའི་སྤྱོད་ཚུལ་གྱི་གནད་དོན་གོང་ཞུའི་ཐེར་འདོན་ཁ་པར་བཙུགས་ཏེ་མང་ཚོགས་ཀྱི་བསམ་འཆར་ཉན་ཐུབ་པ་བྱས་པ་རེད།
  རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། ཞབས་འདེགས་ཞུ་ཡུལ། གཞི་རིམ་མང་ཚོགས་བཅས་ཀྱི་ཁྲོད་ནས་ལས་བྱེད་པའི་སྤྱོད་ཚུལ་ལྟ་སྐུལ་པ་200བདམས་ནས་ལྟ་སྐུལ་ལག་ཁྱེར་སྤྲད་དེ་ལྟ་སྐུལ་གྱི་དབང་ཆ་སྤྱོད་ཐུབ་པ་བྱས་པ་རེད། །