ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སྤྱི་ཚོགས་ཐོག་ལ་གང་མགྱོགས་གཙང་བཟོ་བྱེད་དགོས།

སྤེལ་དུས 2022-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  དམིགས་བསལ་དུས་སྐབས་སུ་གཙོ་གནད་གནས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་གནད་སྨིན་ཤུགས་བརྒྱབ་ཚེ་གཞི་ནས་སྐུལ་འདེད་བརྟན་གཏོང་དང་རང་འགུལ་དབང་ཆ་སྟངས་འཛིན་བྱེད་ཐུབ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཛ་དྲག་ཆེ་བའི་ཚོད་བགམ་་མདུན་དུ་ངེས་པར་དུ་དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ་དམིགས་བསལ་གྱི་གནད་དོན་ལ་ཁ་གཏད་གཅོག་པ་དང་། བྱ་ཐབས་ཁག་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱ་རྒྱུ་ནར་འགྱངས་གཏན་ནས་མི་བྱེད་པ། དེ་བས་བློ་ཐག་ཆོད་པོའི་བྱེད་ཐབས་སྤྱད་དེ་རིམས་ནད་མཆེད་ལམ་མགྱོགས་མྱུར་འགོག་པ་བཅས་བྱས་ཏེ་སྤྱི་ཚོགས་ཐོག་ལ་གང་མགྱོགས་གཙང་བཟོ་ཐུབ་པ་བྱེད་དགོས།
  ཏོག་གསར་གློ་ཚད་ནད་དུག་མཆེད་རྒྱུ་འགོག་པར་གལ་ཆེ་ཤོས་ནི“མིར་དོ་དམ་བྱ་རྒྱུ”དེ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་གཙོ་གནད་ས་ཁོངས་ལ་དམ་པོར་དམིགས་པ་དང་། སྨན་ཁང་དང་སློབ་གྲྭ་སོགས་མི་སྣ་འདུ་འཛོམས་མང་བའི་ཁུལ་ལ་དམ་པོར་དམིགས་པ། སྟོབས་ཤུགས་བསྡུ་སྒྲིལ། རིམ་སྤོར་བཀོད་འདོམས་བཅས་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་གཙོ་གནད་ས་ཁོངས་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་ལས་རིགས་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་འགན་གཙང་འགན་ལེན་བྱས་ནས་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཐོག་གི་དོ་དམ་ཚོད་འཛིན་སྔར་བས་ཚད་ལྡན་དུ་བཏང་ནས“གདགས་གཤིས་ཁུངས་འདེད”ཀྱི་ཆེད་དོན་ཚན་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། དུས་ཚོད་ཐུང་ཤོས་ནང་ཉེན་ཁའི་གནས་ཚང་མ་འཚོལ་ཐུབ་པ་དང་ཚོད་འཛིན་ཐུབ་པ་བྱས་ནས་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ནད་དུག་དང་རིམས་ནད་ལས་རྒྱལ་བ་བྱེད་པར་འགག་རྩའི་ལྷུ་ཚིགས་ལ་ལྷོད་གཡེང་གཏོང་མི་རུང་། ནད་ཡམས་རིག་པའི་བརྟག་དཔྱད་ཁུངས་འདེད་དང་། ཉིང་སྐྱུར་བརྟག་དཔྱད། ལོགས་འཇོག་དོ་དམ་ཚོད་འཛིན། ནད་པ་བསྒྱུར་སྐྱེལ། སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་གཙོ་གནད་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ནས་མ་དཔེ་ལེན་པ་དང་། སྐྱེལ་བ། ཞིབ་བཤེར། གོང་ཞུ། བརྒྱུད་སྤྲོད། བསྡུ་ལེན་སོགས་ཀྱི་བརྒྱུད་རིམ་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས་པ་དང་། གྲངས་གཞི་འཚོལ་བསྡུ་དང་། བརྒྱུད་གཏོང་། དབྱེ་ཞིབ་སོགས་ཀྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་གནད་ལ་འཁེལ་བའི་དབྱེ་ཞིབ་དང་། ཚན་རིག་དང་མཐུན་པའི་ཞིབ་དཔྱོད། ཕན་འབྲས་ཆེ་བའི་ཐག་གཅོད་བཅས་ལ་སྐུལ་འདེད་གཏོང་དགོས་པ། གཅིག་སྡུད་ལོགས་འཇོག་ས་ཚིགས་ཁག་གཅིག་གང་མགྱོགས་བཙུགས་ཏེ་ཐད་འབྲེལ་མི་སྣ་དང་གདགས་གཤིས་ནད་པ་ལོགས་འཇོག་བྱེད་དགོས་རིགས་ཚང་མ་ལོགས་འཇོག་བྱེད་པ་དང་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས་པ། “གཅིག་སྡུད་བཞིའི”རྩ་དོན་གཞིར་བཟུང་ནུས་ཤུགས་ཡོད་རྒུས་ནད་པར་སྐྱོབ་བཅོས་བྱས་ནས་ནད་པ་སྔ་ཙམ་དྲག་སྐྱེད་ཡོང་བའི་འགན་ལེན་བྱེད་དགོས།
  རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་དམ་ཚགས་བཟོས་ནས་འགན་འཁྲི་ངེས་པར་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རིམ་ཁག་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“ཕྱོགས་བཞིའི་འགན་འཁྲི”ནན་དུ་བཏང་སྟེ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་གང་དུ་ཁྱབ་གདལ་ཏན་ཏིག་བཏང་ཚེ། དེར“ཕྱོགས་བཞིའི་འགན་འཁྲི”ནན་དུ་བཏང་ནས་མཉམ་འགོག་མཉམ་སྡོམ་དང་མང་འགོག་མང་སྡོམ་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། དམིགས་ཚད་ཁ་གསལ་དང་ལས་འགན་ཞིབ་ཕྲ་བཟོ་བ་དང་། སྤྱི་ཡོངས་ལ་སྤྱི་འདོམས་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། ཏན་ཏན་ཏིག་ཏིག་དང་གོམ་མཚམས་རེར་སྒར་རེ་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་ངོས་ཀྱི་གཙང་བཟོའི་ལས་ཀའི་དམིགས་ཚད་རེ་རེ་བཞིན་མངོན་འགྱུར་དང་རེ་རེ་བཞིན་བརྟན་དུ་གཏོང་དགོས།