ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

རིམས་འགོག་འཐབ་འཛིང་པ་ཚང་མར་གུས་འདུད་ཞུ།

སྤེལ་དུས 2022-09-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  “ང་ནི་ཏང་ཡོན་ཡིན་པས་ངས་སྔོན་ལ་ཕྱིན་ཆོག” “རིམས་ནད་ཚར་མ་བཅད་བར་ངས་ཕྱིར་བཤོལ་བྱེད་མི་སྲིད” “ང་འཐབ་ས་དང་པོར་འགྲོ་གི་ཡིན”ཞེས་པ་ལ་སོགས་གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ་དམག་འཐབ་ལ་ཞུགས་རྒྱུའི་འབོད་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་ནས་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྡུས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་གཞི་རིམ་གྱི་འཐབ་ས་དང་པོའི་བློ་མཐུན་ཚོས་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་བཏང་སྟེ་དཀའ་ངལ་ཁྱད་བསད་དང་མུ་མཐུད་དམག་འཐབ་བྱས་ནས་དཀའ་ངལ་ལ་མི་སྐྲག་པ་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་མངོན་ཡོད་ཅེས་གསུངས་པ་རེད།
  གདོང་མཆོང་བྱེད་ཕོད་པའི་མི་དཀྱུས་མ་ཡོད་པ་ལས། གནམ་ནས་ཟགས་པའི་དཔའ་བོ་ཟེར་བ་ཡོད་མི་སྲིད། ཆེས་གུས་པར་འོས་པའི་དཔའ་བོ་དེ་དག་གིས་ང་ཚོར་ནད་དུག་ལས་རྣམ་པར་རྒྱལ་བའི་རེ་བ་དང་ཡིད་ཆེས་སྦྱིན་ཡོད། གུས་འདུད་ཞུ་བ་ནི་རིམས་འགོག་འཐབ་འཛིང་པ་ཚང་མར་ལྷད་མེད་དང་བབ་ཆགས་ཤོས་ཀྱི་བརྩེ་སེམས་མཚོན་པར་བྱས་པ་ཞིག་ཡིན།
  ཁོང་ཚོའི་ལས་བཀུར་དང་འགན་འཁྲི་ཁུར་སེམས་ལ་ང་ཚོས་གུས་འདུད་ཞུ། “ང་ཚོ་ཁྱིམ་དུ་བག་ཕེབས་ངང་བསྡད་ཀྱང་མི་མང་པོ་ཞིག་ཁྱིམ་དུ་ལོག་ཐབས་མེད” གནས་གཏན་འཁེལ་གྱི་སྨན་ཁང་དང་སྒྲོམ་ཚང་སྨན་ཁང་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་སྲོག་སྐྱོབ་སྨན་བཅོས་བྱེད་མཁན་གོས་དཀར་ལྷ་མོ་དང་། ཁྱིམ་ཚང་རེ་རེ་བཞིན་ཉེན་ཁ་གྲལ་བཤེར་བྱེད་མཁན་སྡེ་ཁུལ་ལས་དོན་པ། མདུན་ཕྱོགས་སུ་གདོང་མཆོང་དང་འཐབ་ས་དང་པོར་སྐྱོད་མཁན་ལས་བྱེད་པ་དང་ལས་བཟོ། བཀག་སྡོམ་ཁུལ་ཁག་ཏུ་ལྟ་སྲུང་བྱེད་མཁན་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ལ་སོགས་ཀྱིས་ལས་གནས་ཚང་མར་དམག་འཐབ་བྱས་ཏེ་ལས་གནས་མི་འདྲ་བར་བརྟན་སྲུང་གཅིག་མཚུངས་བྱས་ནས་རྔུལ་ཆུར་བརྟེན་ཏེ་དམ་བཅའ་ལག་ལེན་བསྟར་བ་དང་བྱ་སྤྱོད་ཐོག་ནས་ཆོད་སེམས་མཚོན་བཞིན་ཡོད།
  ཁོང་ཚོའི་ལེགས་སྐྱེས་དང་བློས་གཏོང་ལ་ང་ཚོས་གུས་འདུད་ཞུ། ཧྲན་ཏུང་ཧོ་ཙེ་ནས་དུས་ཡུན་ཆུ་ཚོད་100བསྐྱོད་དེ་རིམས་འགོག་དངོས་རྫས་གཞིས་རྩེར་བསྐྱལ་བའི་ཡན་ཀོང་ཡུས་དང་ལས་གནས་དགོངས་ཞུའི་རེ་འདུན་ཞུས་ཟིན་ཡང་རིམས་འགོག་ཁྲོད་བློ་ཐག་ཆོད་པོས་ཞུགས་པའི་90ནང་སྐྱེས་ཀྱི་སྨན་པ་བསོད་ནམས་ཕུན་ཚོགས་དང་། ད་དུང་མང་ཚོགས་ལ་དགོས་མཁོ་ཡོད་དུས་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད་པའི་དང་བླངས་པ་ལ་སོགས་ཁོང་ཚོ་ཚང་མ་ཕ་མ་དང་། བུ་ཕྲུག བཟའ་ཟླ་བཅས་ཡིན་མོད། དམིགས་བསལ་གྱི་དུས་སུ་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་ཁྱིམ་གཞིས་སྲུང་བཞིན་ཡོད།
  ཞུམ་མེད་དང་རང་སྲོག་བློས་གཏོང་གི་ཁོང་ཚོའི་སྙིང་སྟོབས་ལ་ང་ཚོས་གུས་འདུད་ཞུ། “བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”རྗེས་སྤྲོད་བྱས་པའི་སྤེན་པ་ཚེ་རིང་གིས་རིམས་འགོག་གི་འཐབ་ས་དང་པོར་ཉིན་མཚན་5བསྟུད་མར་འབད་འཐབ་བྱས་མཐར་ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་ཀླད་ཁྲག་ཤོར་ནས་གྲོངས་པ་དང་ཁོང་མི་ཡུལ་དུ་དུས་ཐུང་ལོ་38ལས་གསོན་མེད། ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་ལས་ཀ་བྱེད་པ། དུས་རྒྱུན་དུ་མཐོང་རྒྱུ་ཡོད་པ། འགག་རྩའི་དུས་སུ་ལངས་ཐུབ་པ། ཉེན་ཁ་འཕྲད་སྐབས་བློས་གཏོང་ཕོད་པ་བཅས་ནི་བཙན་རྫོང་དང་། གཞོམ་མེད་བྲག་རི། དར་ཆ་བཅས་རེད་ལ་ངེད་ཚོའི་གུང་ཁྲན་ཏང་ཡོན་ཡང་རེད། རིམས་ནད་ཐོན་པ་ནས་བཟུང་ལྗོངས་ཡོངས་ཀྱི་ཏང་ཡོན་ཁྲི་25.3གྱིས་དཔའ་ངར་ཆེན་པོས་འབད་འཐབ་བྱས་ནས་ཏང་གི་དར་ཆ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་མཐོན་པོར་གཡོ་བར་བྱས། རིམས་འགོག་དཔའ་བོ་རེ་རེ་ནི་ངེད་ཚོའི་འགྲམ་གྱི་མི་ཕལ་པ་ཤ་སྟག་རེད། རིམས་ནད་ཀྱི་མདུན་དུ་ཟུར་ནས་ལྟ་མཁན་མེད་པར་རིམས་འགོག་ལ་ལེགས་སྐྱེས་འབུལ་བ་དང་དེ་བཞིན་གཞོགས་འདེགས་བྱེད་པ་ཚང་མ་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། རིམས་ནད་ལ་འཐབ་པའི་དུང་བརྡ་ས་མཐོར་གྲགས་མ་ཐག་མི་ཚང་མ་དམག་གོས་གྱོན་ཞིང་གདོང་མཆོང་དཔུང་གཏོར་བྱེད་མཁན་གྱི་དཔའ་ངར་ཆེ་བའི་འཐབ་འཛིང་པར་གྱུར་ཡོད།
  དཀའ་ངལ་གང་འདྲ་ཞིག་གིས་ཀྱང་དཔའ་བོའི་མི་དམངས་གནོན་མི་ཐུབ། ང་ཚོས་དཀའ་ངལ་ལ་གདོང་མཆོང་ཕོད་མཁན་དཔའ་བོ་ཚང་མར་བླ་ན་མེད་པའི་གུས་འདུད་ཞུ།
རྩོམ་སྒྲིག་པ། བདེ་སྒྲོན།