ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སྤུས་ལེགས་སྔོ་ཚལ་ཡོང་འབབ་མང་། ཞིང་སྐྱོར་འབབ་འཕར་སྒུལ་ཤུགས་ཆེ།

སྤེལ་དུས 2022-10-26 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
ཉིང་ཁྲི་གྲོང་ཁྱེར་སྨན་རི་ཤང་གིས་ཞིང་ལས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བའི་སྐོར་རགས་ཙམ་བཀོད་པ།
  སྟོན་ཟླ་10པའི་ཉིང་ཁྲིར་གནམ་གཤིས་གྲང་ངར་ཆེ་ཙམ་ཡོད་མོད། འོན་ཀྱང་སྨན་རི་ཤང་སྨན་རི་གྲོང་ཚོའི་སྔོ་ཚལ་རྟེན་གཞིའི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་དྲོ་སོབ་སོབ་ཀྱི་སྣང་བས་ཁྱབ་ལ། ལས་མི་ཚོ་ས་སློག་རྒྱག་པ་དང་། ལུད་རྒྱག་པ། འགྱིག་ཤོག་གཡོག་པ། ས་བོན་འདེབས་པ་བཅས་གང་སར་ལས་བྲེལ་གྱིས་ཁེངས།
  དགུན་དུས་ཀྱི་སྔོ་ཚལ་ཁྲོམ་རའི་ཐོན་སྐྱེད་བརྟན་པོ་དང་མཁོ་འདོན་འགན་ལེན་གྱི་ལས་དོན་ལེགས་པར་སྒྲུབ་ཆེད། སྨན་རི་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་སྔོ་ཚལ་རྟེན་གཞིའི་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བྱས་པ་དང་། ཏང་སྲིད་ཀྱི“འགོ་ཁྲིད་གཙོ་བོའི”ཡུག་བགོས་འགན་འཁྲིའི་ལམ་ལུགས་སྤྱད་དེ་འདེབས་འཛུགས་རྟེན་གཞིར“ཆུ་སྤྱོད་དཀའ་བ”དང“ལས་མི་སྤྱོད་དཀའ་བའི”གནད་དོན་ཆེན་པོ་གཉིས་ཐག་གཅོད་བྱེད་རོགས་བྱས་པ་དང་། སྔོ་ཚལ་རྟེན་གཞི་སྒྲིག་འཛུགས་བྱས་ནས་དགུན་དུས་ཀྱི་སྔོ་ཚལ་མུའུ་800ལྷག་ཙམ་བཏབ་ཡོད། སྔོན་དཔག་བྱས་ན་དགུན་དུས་ཁྲོམ་རར་སྔོ་ཚལ་ཏུན་1200ལྷག་ཙམ་མཁོ་འདོན་བྱས་ཏེ་མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ་ཡིན་པ་རེད།
  ཉེ་ལམ་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི“རྒྱུད་གཅིག་དང་གླིང་གཅིག་རྟེན་གཞི་དྲུག”གི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་ཇུས་གཞིར་བཟུང་། སྨན་རི་ཤང་གིས“ཤིང་འབྲས་དང་སྔོ་ཚལ་ཐོན་ཡུལ”འཕེལ་རྒྱས་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ཏེ། སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བསྐྲུན་ནས་ཞིང་ལས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། 2017ལོ་ཚུན་དུ། སྨན་རི་ཤང་གིས་ས་ཞིང་མུའུ་2000ལྷག་ཙམ་རིམ་བཞིན་ནང་བཤུག་བཏང་སྟེ། འགྱིག་ཤོག་དྲོད་ཁང་ཆེ་མོའི་སྔོ་ཚལ་རྟེན་གཞི་4བསྐྲུན་ནས་རིག་ནུས་དྲོད་ཁང་དང་། ཡུག་འབྲེལ་དྲོད་ཁང་། ཐང་སྟེང་སྔོ་ཚལ་རྟེན་གཞི། མཛོད་འཇུག་གཞུང་ལས་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་རགས་ཙམ་བསྐྲུན་པ་དང་འབྲེལ། དབྱི་ཧྥུང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་དང་། ཧྲན་ཤིས་ཧེང་ཧྥུའུ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སི། ཉིང་ཁྲི་ཧྲེང་ཧྲི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཆེ་བ་དང་ཚན་རྩལ་འདུས་ཚད་མཐོ་བའི་ཞིང་ལས་ཁེ་ལས་5ནང་འདྲེན་ཧུར་ཐག་བྱས་ཏེ་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་བཏང་ཡོད་པ་རེད།
  རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག སྨན་རི་ཤང་གི་སྔོ་ཚལ་རྟེན་གཞི་རིམ་བཞིན་འཕེལ་རྒྱས་ཕྱིན་ནས་སྔོ་ཚལ་གྱི་སྤུས་ཀ་ལེགས་སུ་ཧུར་ཐག་གཏོང་བའི་ལས་དོན་ཏན་ཏིག་བསྒྲུབས་པ་བརྒྱུད“སྤྱི་གནོད་མེད་པའི”ཐོན་རྫས་ཀྱི་ཁས་ལེན་ཐོབ་པ་དང་འབྲེལ། སྔོ་ཚལ་སོས་པ་མཁོ་སྤྲོད་འཁོར་འབྲེལ་བསྐྲུན་པ་དང་སྔོ་ཚལ་རྟེན་གཞི་སྒྱུར་བཀོད་རིམ་སྤོར་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་དེང་རབས་ཅན་གྱི་ཚན་རྩལ་འདེབས་འཛུགས་ཞིང་ལས་ཐོན་ལས་རྟེན་གཞི་བསྐྲུན་ཏེ་སྔོ་ཚལ་སོས་པ་མཁོ་སྤྲོད་བྱེད་པར་ནམ་དུས་ཀྱི་ཤུགས་རྐྱེན་མི་ཐེབས་པ་བྱས་ཡོད། “ང་ཚོས་སྨན་རི་ཤང་ནས་ས་གནས་ཁག་ལ་མཁོ་སྤྲོད་བྱེད་པའི་ཟོག་འགྲེམས་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་ཡོད། ཀུང་སིའི་སྔོ་ཚལ་གཙོ་བོ་ཉིང་ཁྲི་གྲོང་ཁུལ་དང་། ལྷ་ས། ནག་ཆུ་སོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད”ཅེས་ཐོག་སྨད་གྲོང་ཚོའི་སྔོ་ཚལ་རྟེན་གཞི་དང་པོར་ཉིང་ཁྲི་ཧྲེང་ཧྲི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་དེ་ལྟར་བརྗོད།
  “ང་ཚོས་སྔོ་ཚལ་རྟེན་གཞིར་བརྟེན་ནས་སྔོ་ཚལ་ཐོན་ལས་ཀྱི་ཞིང་འབྲེལ་ཞིང་ཁྲིད་ཀྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས‘ཏང་ཀྲི་པུའུ་དང་། ཁེ་ལས། ཞིང་དུད་བཅས་ཟུང་དུ་འབྲེལ་བའི’དོ་དམ་བྱ་ཐབས་སྤྱད་དེ་ས་ཞིང་ནང་བཤུག་བཏང་ནས་ཁེ་སྤོགས་བགོ་བཤའ་བརྒྱབ་པ་ཕུད། ད་དུང་གྲོང་ཚོའི་མང་ཚོགས་ལ་ལས་ཞུགས་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད། ཁེ་ལས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའུ་ལ་ལས་མི་སྤྱོད་པའི་དགོས་མཁོ་བཏོན་པ་དང་། གྲོང་ཚོའི་ཏང་ཀྲི་པུས་ཞིང་དུད་སྒྲིག་འཛུགས་བྱས་ཏེ་སྔོ་ཚལ་རྟེན་གཞིར་ལས་ཀར་ཞུགས་སུ་བཅུག་པས་ཡོང་འབབ་མང་དུ་ཕྱིན་སོང”ཞེས་ཐོག་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ལའེ་ཨོའུ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ང་ཚོས་ད་དུང་ཁེ་ལས་དང་མཉམ་དུ་དབུལ་སྒྲོལ་དུད་ཚང་གི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ལམ་སྲོལ་བཙུགས་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་དུད་ཚང་ཚང་མར་འགྱིག་ཤོག་དྲོད་ཁང་ཆེ་མོའི་འགན་ཁྲིའི་ས་ཞིང་མུའུ་0.5མཁོ་འདོན་བྱས་པ་དང་། ཁེ་ལས་ཀྱིས‘མ་མཐའ་འགན་སྲུང་གིས་ཁེ་སྤོགས་བགོ་བ་+ལས་འབྱོར་བྱ་དགའ་སྤྲོད་པའི’བྱ་ཐབས་ལ་བརྟེན་ནས་དུད་ཚང་རེར་ལོ་རེར་ཁེ་སྤོགས་སྒོར་5000སྤྲད་ཡོད། གཏན་འཁེལ་ལས་དུས་ཉིན་30ཡི་རྨང་གཞིའི་ཐོག་ལས་ཀ་འཕར་མ་བྱེད་རིགས་ལ་སྒོར་500ནས་8000བར་གྱི་བྱ་དགའ་སྤྲད་དེ་དབུལ་སྒྲོལ་དུད་ཚང་གི་དབུལ་ལོག་ཐེབས་པའི་ཉེན་ཁ་ནུས་ལྡན་བསལ་ཡོད”ཅེས་བརྗོད།
  2022ལོར། སྨན་རི་ཤང་གི་སྔོ་ཚལ་རྟེན་གཞི་4ལ་ཞུགས་མཁན་ཞིང་དུད་ལ་མུའུ་རེར་སྒོར་1150ཡི་རིན་གོང་ཐོག་ནས་སྒོར་ཁྲི་220ལྷག་ཙམ་གྱི་ས་ཞིང་ནང་བཤུག་གྲོན་དངུལ་སྤྲད་པ་ཕུད། ད་དུང་འཕྲུལ་ཆས་བོགས་མར་གཏོང་ལེན་དང་མང་ཚོགས་ལས་ཀར་ཞུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཞིང་འབྲོག་མང་ཚོགས་མི་ཐེངས་600ལྷག་ཙམ་ལ་ལས་ཞུགས་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་300ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོན།