ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ལོ་ངོ་བཅུའི་རིང་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

སྤེལ་དུས 2022-10-26 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའམ་སྲིད་གཞུང་གི་སྟོབས་ལྡན་མགོ་ཁྲིད་འོག སྐབས་རིམ་བྱུང་གི་ས་ཁུལ་ཨུ་ལྷན་དང་སྲིད་འཛིན་ཀུང་ཧྲུའུ་ཡི་མགོ་ཁྲིད་ཀྱིས་མངའ་རིས་ས་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། འགག་སྒྲོལ་དཀའ་སེལ་དང་དཀའ་སྤྱད་སྡུག་རུས། འབད་འབུངས་ཡར་བརྩོན་བྱས་པས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
  2021ལོར་མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར77.65ཟིན་པ་དང་དེ་ནི2012ལོའི་ལྡབ2.92ཡིན། ས་ཁུལ་གྱི་ནོར་སྲིད་ཡོང་འབབ2012ལོའི་སྒོར་དུང་ཕྱུར1.6ནས2021ལོའི་སྒོར་དུང་ཕྱུར3.76亿བར་འཕར་བ་དང་། གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར49620ཟིན་ནས2012ལོའི་ལྡབ2.15ཡིན་ལ། གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15959ལ་སླེབས་པ་དང་དེ་ནི2012ལོའི་ལྡབ2.93བཅས་ཡིན།
  ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་ལ་མུ་མཐུད་སྐུལ་འདེད་བཏང་བས་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་ཕྱིན་པ། 
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་འཕེལ་རྒྱས་ལས་དོན་རྨང་གཞི་དང་འགག་རྩར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ནུས་ལྡན་སྒོས་མ་འཇོག་ཧུར་ཐག་གིས་རྒྱ་སྐྱེད་དུ་བཏང་བ་དང་ཕྱོགས་ཡོངས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་སྤེལ་བ་རེད། ལོ་ངོ10ཡི་རིང་། མ་དངུལ་སྒོར་དུང་ཕྱུར530.64བཏང་ནས་གཙོ་གནད་རྣམ་གྲངས3867ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར61.35བཏང་ནས་ནུས་རྒྱུའི་གཙོ་གནད་རྣམ་གྲངས54ལག་བསྟར་བྱས་པ་སྟེ། སེང་གེ་ཁ་འབབ་གྲོང་རྡལ་གྱི་རླངས་གློག་མཉམ་སྐྱེས་དང་། རེས་སྐོར་གསར་བའི་ཞིང་དྲ་རིམ་སྤོར་སྒྱུར་བཀོད། “ཆུས་གསུམ་ཁུལ་གསུམ”གྱི་ཞིང་དྲ་རིམ་སྤོར་སྒྱུར་བཀོད། ཐོང་ཏ་གློག་དྲ་སོགས་གཙོ་གནད་ལས་གཞི་ལག་བསྟར་བྱས། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་དངོས་སུ་སྤྱོད་མགོ་ཚུགས་པས་གློག་དྲ་གཅིིག་པུ་འཁོར་རྒྱུག་གི་ལོ་རྒྱུས་མཇུག་སྒྲིལ་བ་རེད། ཆུ་བེད་རྣམ་གྲངས159ལག་བསྟར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར31.46ལེགས་འགྲུབ་ཟིན་པ་དང་། སེང་གེ་ཁ་འབབ་དང་གླང་ཆེན་ཁ་འབབ་བཞུར་རྒྱུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལས་གཞི་བསྐྲུན་ཟིན་ཞིང་། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་ཀྱི་ལས་གཞི་ལག་བསྟར་ཤུགས་ཆེན་བྱས། དེང་རབས་འཕྲིན་གཏོང་མ་ལག་མགྱོགས་མྱུར་བསྐྲུན་པ་དང་། སེང་གེ་ཁ་འབབ་གྲོང་རྡལ་དུ5Gདྲ་རྒྱ་ཡོངས་སུ་ཁྱབ་ལ། སྲིད་འཛཛིན་གྲོང་ཚོར4Gབརྡ་རྟགས་ཁྱབ་ཚད100%ལ་སླེབས། རྒྱལ་ཁབ་དང་ཞིང་ཆེན་ལམ། རྒྱལ་སྲུང་གཞུང་ལམ། “གྲོང་གསེབ་ལམ་བཞི” མཛེས་ལྗོངས་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་སོགས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི2.1791ཟིན་པ་དང་། རྫོང་དང་ཤང་། གྲོང་ཚོ་བཅས་སུ་གཞུང་ལམ་ཤར་གཏོང་ཐུབ་ཚད་སོ་སོར100%དང95%། 86%ལ་སླེབས་ཡོད།
  ཐོན་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན། མངའ་རིས་ས་ཁུལ་གྱིས་རིག་གནས་ཡུལ་སྐོར་ལས་རིགས་འདི་ཉིད་འཐབ་ཇུས་རང་བཞིན་གྱི་གཙོ་ཁྲིད་ཐོན་ལས་ཡིན་པའི་ཆ་ནས། གངས་ཏི་སིའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། རྩྭ་མདའ་མཛེས་ལྗོངས་ཁུལ་དང་། སྤུ་ཧྲེང་གནས་རི་ལྷ་མཚོ། རུ་ཐོག་མཚོ་མོ་ངང་ལག་རིང་པོ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་འབྱེད་བྱས་ཤིང་། མ་དངུལ་སྒོར་ཁྲི2890བཏང་ནས་གནའ་བོའི་ཞང་ཞུང་རིག་གནས་ཡུལ་སྐོར་སྤུས་ལེགས་སྐོར་ཐིག་གཞུང་ལམ་བསྐྲུན་པ་དང་། རྒྱལ་ཁབ་ཀྱི4Aརིམ་པའི་མཛེས་ལྗོངས་ཁུལ1དང་། 3Aརིམ་པའི་མཛེས་ལྗོངས་ཁུལ6གསར་གཏོད་བྱས་ནས“གནའ་བའི་ཞང་ཞུང་རིག་གནས”སོགས་ཡུལ་སྐོར་ཟུང་རྟགས་མུ་མཐུད་བསྐྲུན། 2021ལོར་ས་ཁུལ་ཡོངས་སུ་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི135.9སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར16.69མངོན་འགྱུར་བྱུང་ཡོད། དེང་རབས་སྒྲིག་བཀོད་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ནས་སྒར་རྫོང་སྔོ་ཚལ་དང་། སྤུ་ཧྲེང་རྩམ་པ། རྩྭ་མདའི་ཀུ་ཤུ། སྒར་རྩེའི་འབྲི་གཡག མཚོ་ཆེན་དང་རུ་ཐོག དགེ་རྒྱས་ལུག་བཅས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་སུ་བཏང་། “རྫོང་རེར་ཟོང་རྟགས་གཅིག”གི་ཐོན་ལས་བཀོད་པ་མུ་མཐུད་ཇེ་ལེགས་སུ་བཏང་བས། 2021ལོར་ཐོན་ཚད་སྤྱིའི་རིན་ཐང་སྒོར་དུང་ཕྱུར18.84ཟིན་ཡོད།
  དམངས་འཚོ་མུ་མཐུད་ལེགས་བཅོས་བྱས་པས་མང་ཚོགས་ཀྱིས་དམངས་ཕན་གྱི་གྲུབ་འབྲས་མཉམ་རོལ་བྱས་པ།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་ལས་དོན་འདི་ཉིད་བྱ་གཞག་ཡོད་ཚད་ཀྱི་རྐང་ཚུགས་ས་དང་གཞི་འཛུགས་སར་བརྩིས་ཏེ། སྨན་བཅོས་དང་སློབ་གསོ། སྡོད་ཁང་སོགས་ལ་ཕྱོོགས་ཡོངས་ནས་འགན་ལེན་བྱས། མ་དངུལ་སྒོར་དུང་ཕྱུར11སྤྱི་འདོམས་གྲབས་གསོག་བྱས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས30བསྐྲུན་པ་དང་། དུད་ཚང2101ཡི་མི7786སྡོད་ཁང་གསར་བའི་ནང་གནས་སྤོ་བྱས། ཐོན་ལས་དབུལ་སྐྱོར་རྣམ་གྲངས82གཉེར་སྐྱོང་ཧུར་ཐག་བྱས་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་མང་ཚོགས7283འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ས་ཁུལ་ཡོངས་སུ་རྫོང7གྱི་དབུལ་ཞྭ་ཕུད་ལ། དབུལ་ཕོངས་གྲོང་ཚོ139དབུལ་སེལ་བྱུང་ནས། ལོ་རྒྱུས་རང་བཞིན་གྱིས་བལྟོས་བཅོས་དབུལ་ཕོངས་གཙང་སེལ་བྱས་པ་རེད།
  དེ་དང་ཆབས་ཅིག མངའ་རིས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། སློབ་སྔོན་སློབ་གསོ་དང་འོས་འགན་སློབ་གསོ། མཐོ་འབྲིང་སློབ་གསོ། ལས་རིགས་སློབ་གསོ་བཅས་ཅུང་འཐུས་ཚང་ཡིན་པའི་དེང་རབས་ཅན་གྱི་སློབ་གསོའི་མ་ལག་ཆགས་ཡོད། མིག་སྔར། ས་ཁུལ་ཡོངས་སུ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ144དང་སློབ་གྲྭར་ཡོད་པའི་སློབ་མ24802ཡོད། 
  ལོ་ངོ་བཅུའི་རིང་། མངའ་རིས་ས་ཁུལ་གྱིས་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་གཙོ་གནད་དུ་འཇོག་པ་རྒྱུན་འཁྱོངས་བྱས་ནས་བདེ་ཐང་བོད་ལྗོངས་ཀྱི་ཆེད་དམིགས་བྱ་འགུལ17ལ་སྐུལ་འདེད་གཏིང་ཟབ་བྱས། ཐུམ་འབུའི་ནད་དང་གྲུམ་བུའི་ནད། མཆིན་ནད། བུད་མེད་ཀྱི“འབྲས་སྐྲན་གཉིས”ཕྱོགས་བསྡུས་འགོག་བཅོས་ལས་དོན་ཧུར་ཐག་སྤེལ་བ་དང་། ཐུམ་འབུའི་ནད་འགོས་པའི་ནད་པ་ལས་སྨན་བཅོས་བྱེད་དགོས་པའི་རིགས་ལ་སྨན་བཅོས་བྱས་ནས་སྐྱོབ་བཅོས་ཐུབ་ཚད100%ཟིན། གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་དུ་བཏང་སྟེ། ས་ཁོངས་སྨན་བཅོས་མཉམ་འབྲེལ་མ་ལག་འཛུགས་སྐྲུན་གྱི་རིམ་པ་དང་པོ་དང་གཉིས་པ། གསུམ་པའི་གཞུང་བཙུགས་སྨན་ཁང་ཡོངས་སུ་ཁྱབ་ཡོད།
  མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་བས་མཐའ་མཚམས་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། མངའ་རིས་ས་ཁུལ་གྱིས“རྒྱལ་ཁབ་མངའ་ཁོངས་སྲུང་སྐྱོང་མཁན་དང་བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན་མཁན”བརྗོད་གཞི་བྱས་པའི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས། མཐའ་མཚམས་སྟོབས་ལྡན་གྱི་བྱ་གཞག་ཐད་ཕྱོགས་ཡོངས་ནས་ཡར་ཐོན་དངང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ37བསྐྲུན་པ་དང་། མ་དངུལ་སྒོར་དུང་ཕྱུར1.7བཏང་ནས་མཐའ་མཚམས་གྲོང་ཚོར་གློག་མཁོ་འདོན་གྱི་རྣམ་གྲངས25ལག་བསྟར་བྱས་ཤིང་། མཐའ་མཚམས་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོ་ཐུབ་ཚད་སོ་སོར90%དང88.6%སླེབས་ལ། མཐའ་མཚམས་ཤང་དང་གྲོང་ཚོར་སྦྲག་སྲིད་ཤར་གཏོང་ཐུབ་ཚད100%ཟིན་པ་དང་། སྲིད་འཛིན་གྲོང་ཚོར་འཕྲིན་གཏོང་ཐུབ་ཚད100ཟིན་ཡོད། 2020ལོའི་ཟླ9བའི་མཇུག་ཏུ་མངའ་རིས་ས་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཟིན་པ་དང་། མཐའ་མཚམས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཇེ་དྲག་ཏུ་ཕྱིན་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོན།