ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

​གཉིད་དང་བདེ་ཐང་གླེང་བ།

སྤེལ་དུས 2018-01-05 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མི་གསལ།
དང་པོ། གཉིད་ཀྱི་གལ་ཆེའི་རང་བཞིན།
          མི་ལུས་ཀྱི་བདེ་ཐང་གླེང་དུས་ང་ཚོས་ཅིའི་ཕྱིར་གཉིད་འདི་གླེང་དགོས་པ་དང་འདི་ལ་དོ་སྣང་བྱེད་དགོས་པ་ཡིན་ནམ་ཞེ་ན། རྒྱུ་མཚན་ནི་གཉིད་སྐྱིད་པོ་ཞིག་མ་ཡོང་ན་གཤམ་གྱི་ནད་རྟགས་འདི་དག་འབྱུང་ངེས་ཏེ། གཅིག་ནི་ཐོག་མར་སེམས་ཁམས་མི་དྭངས་པ་སྟེ་དཔེར་ན། སེམས་འཚིག་པ་དང་བྲེལ་ཤ་ལངས་པ། ཐེ་ཚོམ་གྱི་རྒྱ་ལས་ཐར་མི་ཐུབ་པ། ཕྱི་རོལ་ཡུལ་གྱི་ཁོར་ཡུག་ལ་སྤྲོ་སྣང་ཞན་པ། སྐབས་འགར་སྡོད་མི་བཟོད་པ་དང་མཐའ་མར་ཚབས་ཆེ་ན་ཚེ་སྲོག་ལའང་གནོད་པ་ཡོད།
          གཉིས་ནི་ན་ཟུག་གི་ཚོར་བ་ཇེ་དྲག་ཏུ་འགྲོ་བ་དང་རྐང་ལག་གི་ལྷུ་ཚིགས་ལ་ན་ཟུག་ལངས་པ། གསུམ་ནི་དྲན་ཤེས་འཆོལ་བ་དང་དྲིས་ལན་གསལ་བོར་མི་ཐོན་པ། རང་གིས་བརྗོད་འདོད་པ་ཇི་བཞིན་དུ་སྟོན་མི་ནུས་ཤིང་བརྗེད་ངེས་ཆེ་བ།
བཞི་ནི་མཐོང་ཐོས་མྱོང་རེག་གི་ཚོར་ཤུགས་ཇེ་ཞན་དུ་འགྲོ་བ་དང་འཁྲུལ་སྣང་སྐྱེས་པ། ལྔ་ནི་ཚབས་ཆེ་ན་ལུས་ཕུང་ནང་རོལ་གྱི་ཟགས་ཐོན་མ་ལག་གི་ནུས་པ་འཁྲུགས་པར་འགྱུར་བ་སོགས་ཀྱི་ནད་རྟགས་གང་མང་ཞིག་འབྱུང་སྲིད་པས་མི་ལུས་གྱི་བདེ་ཐང་གླེང་དགོས་ན་ང་ཚོས་ངེས་པར་གཉིད་འདིའང་མི་གླེང་ཀ་མེད་རེད།
གཉིས་པ། གཉིད་ཀྱི་མཚན་ཉིད།
          གཉིད་ཅེས་པ་ང་ཚོས་གཤམ་གྱི་ཆ་རྐྱེན་གཉིས་དང་འཚམ་ཚེ་ངེས་པ་དོན་གྱིས་གཉིད་ལ་ངོས་འཛིན་བྱས་ཆོག་སྟེ། གཅིག་ནི་ཕྱི་ཡུལ་གྱི་རེག་ཚོར་གང་རུང་ཞིག་དང་འཕྲད་ཚེ་དེ་མ་ཐག་ཕྱིར་ཡོངས་སུ་སྡུད་སླ་བའི་སྐྱེ་ལུགས་ཀྱི་རྣམ་པ་ཞིག་ལ་བྱ་སྟེ། དཔེར་ན། སྒྲ་འོད་ཟེར་གསུམ་སོགས་གང་རུང་གིས་གཉིད་ཕྱིར་སད་པར་སླ་བ་ལ་གཉིད་ཅེས་པ་དང་། གཉིས་ནི་དབང་ཤེས་བལྟོས་བཅས་ཀྱིས་ནང་དུ་བསྡུས་ཤིང་ལུས་ཀྱི་འགུལ་སྐྱོད་བྱ་བར་གནས་སྐབས་སུ་བདག་བྱེད་མི་ནུས་པའི་སྐྱེ་ལུགས་ཀྱི་སྣང་ཚུལ་ཞིག་ལ་གོ་བ་ཡིན། དེ་བས་མཚན་ཉིད་དེ་གཉིས་ཀ་གང་ཡིན་ཀྱང་རྒྱུན་ལྡན་དུ་གྱུར་བའི་གཉིད་ཅེས་པའི་མཚན་ཉིད་དང་དེའི་ངོ་བོ་ཡིན་ལ་དེ་ལས་གཞན་དུ་གྱུར་ན་རྒྱུན་ལྡན་གྱི་གཉིད་མིན་ནོ།།
གསུམ་པ། གཉིད་ཡེར་བའམ་གཉིད་མ་ཡོང་བའི་མཚན་ཉིད།
          གཉིད་ཡེར་བའམ་གཉིད་སྐྱིད་པོ་ཞིག་མ་ཡོང་བ་ནི་གཉིད་འདང་ངེས་ཀྱི་དུས་ཚོད་དང་གཉིད་ཀྱི་སྤུས་ཀ་སོགས་རྒྱུན་ལྡན་ཐ་མལ་བའི་གཉིད་ཀྱི་ཚད་ལ་མ་སླེབས་པ་སྟེ། དེ་དང་འབྲེལ་ནས་ལུས་སེམས་ཐང་ཆད་པ་དང་བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ། སེམས་ཁམས་མི་བཟང་བ་སོགས་མི་བདེ་བའི་སྣང་ཚུལ་ཡོད་པ་ཡིན། གཉིད་འདང་ངེས་ཀྱི་དུས་ཚོད་དང་གཉིད་ཀྱི་སྤུས་ཀ་ནི་དུས་རྒྱུན་རང་ལ་གོམས་ལོབ་ཏུ་གྱུར་བའི་གཉིད་དེ་ལ་གཞི་འཛིན་ས་དང་ཚད་ཐིག་ཏུ་འཛིན་དགོས། གཉིད་ཡེར་བ་དེ་གཟའ་འཁོར་རེར་མ་མཐའ་ཡང་ཐེངས་གསུམ་ལ་བྱུང་ན་ད་གཟོད་གཉིད་ཡེར་བའི་ནད་ཡོད་པར་ངོས་འཛིན་བྱས་ཆོག
བཞི་བ། ཚུལ་མིན་གྱི་གཉིད། (དེང་སང་སྙིགས་མའི་གཉིད་ཅེས་ཀྱང་བྱ།)
༡. དགོང་མོར་མཚན་རྒྱག་པ་དང་ཉིན་དཀར་གྱི་དུས་ཚོད་ཡོད་ཚད་ལ་བཙན་གྱིས་གཉིད་ཅི་ཐུབ་བྱེད་པ།
༢.  ཕྱོགས་གཅིག་ནས་བརྙན་འཕྲིན་ལ་བལྟ་བ་དང་གཅིག་ནས་རོལ་དབྱངས་ལ་ཉན་པའམ་གློག་ཀླད་སོགས་རྩེད་མོར་གཡེང་ནས་གཉིད་རྒྱག་པ།
༣.  བསྟུད་ནས་ཉིན་འགར་མི་གཉིད་པ་དང་རྗེས་སུ་གཉིད་ཁ་གསབ་བྱེད་པ།
༤.  བྱ་བའི་གནོན་ཤུགས་ཆེ་དྲགས་པ་དང་དུས་རྒྱུན་དགོང་མོར་ལས་གསབ་བྱེད་པ། ཚད་མཐོ་བའི་ལས་ཀ་མཚམས་བཞག་མ་ཐག་གཉིད་ཡུར་བ་དང་གཞན་ཡང་རྨི་ལམ་དུའང་བྱ་བའི་སྟེང་གི་ལས་ཀ་རྨི་བ།
༥.  ནངས་མོ་གཉིད་ལས་སད་རྗེས་ད་དུང་སྔ་བར་བསམ་ནས་ཡང་བསྐྱར་གཉིད་ཐུན་རྒྱག་པ།
༦.  གཉིད་པ་དང་མལ་ལས་ལངས་པར་དུས་ཚོད་ངེས་གཏན་མེད་པ།
༧.  སང་ཉིན་བྱ་བ་གལ་ཆེན་ཞིག་ཡོད་བསམ་དུས་རང་ཉིད་སྔ་མོ་ནས་གཉིད་ལ་བཙན་འགུག་བྱེད་པ་དང་གཉིད་བཙན་གྱིས་བཀུག་ཀྱང་མཚན་གང་བོར་གཉིད་མི་ཡོང་བ།
༨.  གཉིད་ཀྱི་སྤུས་ཀ་ཞན་པ་སྟེ་གཉིད་ལ་མ་གཉིད་པའི་ཚུལ་དུ་གནས་པའམ་མཚན་གང་བོར་གློག་བརྙན་ལྟ་བུའི་རྨི་ལམ་ཟ་ཟིའི་ངང་གཉིད་པ།
ལྔ་བ། རྨི་ལམ་དང་གཉིད་ཀྱི་འབྲེལ་བ།
          མི་མང་པོ་ཞིག་གིས་གཉིད་པའི་གནས་སྐབས་སུ་རྨི་ལམ་ཡོད་པ་དང་མེད་པ་གཉིས་སུ་བཤད་མོད། དེ་ནི་རྨི་ལམ་རྨིས་ཡོད་མེད་མིན་ཏེ་རྨིས་པའི་རྨི་ལམ་ཕྱི་ཉིན་དྲན་ཐུབ་མིན་ལས་མདང་དགོང་རྨི་ལམ་རྨིས་དང་མ་རྨིས་སོགས་བཤད་པ་ཙམ་རེད། གསོ་རིག་ཆེད་མཁས་པས་གསུངས་རྒྱུར། མི་སུ་ཡིན་ཀྱང་ཞག་མ་རེར་རྨི་ལམ་ངེས་པར་ཏུ་རྨི་བ་ཡིན་ལ་མཚན་རེར་རྨི་ལམ་ཐེངས་བཞི་ནས་ལྔ་ལ་རྨི་བ་ཡིན། དེ་ཡང་ཆུ་ཚོད་གཅིག་དང་ཕྱེད་ཀ་ནས་གཉིས་ཙམ་གྱི་དུས་ཡུན་ལ་རྨི་བ་ཡིན་ཟེར། གཞན་རྨི་ལམ་དེ་ཕྱི་ཉིན་བཤད་ཐུབ་མིན་ནི་གཉིད་མཐུག་མིན་དང་རྨི་ལམ་དེའི་བག་ཆགས་ཟབ་མིན་སོགས་ལ་རག་ལས་པ་ཡིན། འོ་ན་རྨི་ལམ་དེ་དོན་དངོས་སུ་གཉིད་ལ་བཟང་ངན་གྱི་འབྲེལ་བ་ཅི་ཡོད་ཅེ་ན།
༡ . རྨི་ལམ་ཡོད་ན་གཉིད་བཟང་བའི་རྟགས་ཡིན། རྒྱུ་མཚན་ནི་བརྒྱ་ཆའི་བརྒྱད་ཅུའི་རྨི་ལམ་ནི་གཉིད་ཀྱི་དུས་མཇུག་ལ་རྨི་བ་ཡིན།
༢.  རྨི་ལམ་ཡོད་ན་ཀླད་ཆེན་གྱི་ནུས་པ་རྒྱུན་ལྡན་ཡིན་པའི་རྟགས་ཡིན། རྒྱུ་མཚན་ནི་གླེན་པ་དང་སྐྱེ་དངོས་མི་ལ་རྨི་ལམ་མེད།
༣ . རྨི་ལམ་ཡོད་ན་བདེ་ཐང་ལ་ཕན་པ་ཡོད། རྒྱུ་མཚན་ནི་རྨི་ལམ་རྨི་བ་ནི་གཉིད་པའི་རྟགས་ཡིན་ལ་གཉིད་ཐུབ་པས་བདེ་ཐང་ལ་རང་བཞིན་གྱིས་ཕན་པ་འབྱུང་བ་ཡིན།
དྲུག་པ། གཉིད་སྟངས་སམ་ཉལ་སྟངས་གང་ནི་ཆེས་བཟང་བ་ཡིན།
          མིའི་ཉལ་སྟངས་ཀྱང་ལུས་ཀྱི་བདེ་ཐང་ལ་འབྲེལ་བ་ཡོད་པ་དང་ཉལ་སྟངས་ལ་དབྱེ་བ་བཞི་སྟེ། གན་རྐྱལ་དང་ཁ་སྦུབ། གཡས་གཡོན་གཞོགས་ཉལ་གཉིས་བཅས་ཡིན།
༡.  གན་རྐྱལ་དུ་ཉལ་བ། གན་རྐྱལ་དུ་ཉལ་ན་ལུས་ཕུང་སྤྱི་དང་ཁྱད་པར་ཏུ་ཡན་ལག་རྣམས་མལ་གདན་དང་མལ་ཁྲིའི་ངོས་སུ་འཕྲད་པའི་རྒྱ་ཁྱོན་ཅུང་ཆེ་བས་ཡན་ལག་དང་ཀླད་ཆེན་གྱི་ཁྲག་རྒྱུན་འཁོར་བསྐྱོད་ལ་ཕན་པ་ཆེ། དེ་བས་ཉལ་སྟངས་འདིས་ལུས་ཕུང་ཐང་ཆད་དུ་འཇུག་མི་སླ། འོན་ཀྱང་ཚོ་ཆེས་པའི་མི་རྣམས་ཉལ་སྟངས་འདི་ལྟར་ཉལ་ན་སྔུར་བ་འཐེན་སྲིད་ལ་གློ་བའི་དབུགས་གཏོང་ལེན་ལ་གནོད་པ་སྐྱེལ་ངེས་པས་དབྱང་དམའི་ཁྲག་ནད་འབྱུང་སྲིད། གཞན་ཡང་གན་རྐྱལ་དུ་ཉལ་ན་སྒལ་ཚིགས་ཀྱིས་ཤ་སྒྲིམ་པའི་ཚུལ་དུ་གནས་པས་གསུས་ཁོག་གི་སྒལ་ཚིགས་ཀྱིས་ངལ་གསོ་མི་ནུས་ལ་རྐེད་པའང་ན་བར་བྱེད་ངེས་ཡིན།
༢.  ཁ་སྦུབ་དུ་ཉལ་བ།  ཁ་སྦུབ་ཏུ་ཉལ་ན་དོན་སྣོད་ལ་བཙིར་གནོན་ཐེབས་སྲིད་པས་དབུགས་ལམ་དང་འཇུ་བྱེད། འཁོར་རྒྱུག་བཅས་ཀྱི་མ་ལག་ལ་ཤུགས་རྐྱེན་ཐེབས་ངེས་ཤིང་། གཞན་ཡང་ངོ་གདོང་གི་ཁྲག་རྒྱུན་འཁོར་བསྐྱོད་ལ་གནོད་པ་བཟོས་ཏེ་གདོང་གི་སྐྱི་པགས་རྒས་སླ་བར་བྱེད
༣ . གཞོགས་གཡས་སུ་ཉལ་བ། གཞོགས་གཡས་སུ་ཉལ་ཚེ་ཕོ་བའི་ཟངས་ཚགས་ཀྱི་ཁ་ཐུར་ཏུ་བསྟན་ཡོད་པས་ཕོ་བའི་ནང་གི་ཟས་སོགས་དུས་ལྟར་ཕྱིར་ཕུད་ཐུབ། འོན་ཀྱང་གཞོགས་གཡས་སུ་ཉལ་ན་ཡན་ལག་གཡས་པའི་ཁག་ལ་བཙིར་གནོན་ཐེབས་ནས་ཡན་ལག་ལ་བེམ་སྦྲིད་དང་ན་ཟུག་འབྱུང་སླ།
༤.  གཞོགས་གཡོན་དུ་ཉལ་བ།  གཞོགས་གཡོན་དུ་ཉལ་ན་ཕོ་བའི་ནང་གི་ཟས་སོགས་ཕྱིར་ཕུད་པའི་དུས་ཡུན་ཇེ་རིང་དུ་འགྲོ་བར་མ་ཟད། སྙིང་ལ་བྱང་ཁོག་སྟོད་ཀྱིས་བཙིར་གནོན་ཆེས་ཆེར་ཐེབས་ངེས་པས་ཁྲག་རྒྱུན་འཁོར་བསྐྱོད་ལའང་གནོད་པ་ཡོད།
          མདོར་ན་གོང་གི་ཉལ་སྟངས་བཞི་བོ་ལས་འདི་ནི་ཆེས་འགྲིག་གོ་ཟེར་ས་མི་འགྲོ་བས་མི་རང་རང་གི་རང་བཞིན་དང་ན་ཚོད། གནོད་བྱ་ཁམས། ཡུལ་དང་དུས་ལ་སོགས་པའི་གནས་ཚུལ་སོ་སོར་གཞིགས་ཏེ་ཉལ་སྟངས་གཏན་འཁེལ་བྱེད་དགོས་ཤིང་དེའང་ཉལ་སྟངས་གཅིག་དུས་དང་རྣམ་པ་ཀུན་ཏུ་བཀོལ་ན་མི་འགྲིག་པ་ཡིན་ནོ། །