ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

བོད་ཀྱི་སློབ་གསོ་སྐོར་ནས་ཅུང་ཙམ་གླེང་བ།

སྤེལ་དུས 2018-01-12 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། ཨ་སྨྱོན་བཀྲ་ཤིས་དོན་འགྲུབ།
          ང་ཚོ་བོད་མི་རིགས་འདི་ལའང་སྔོན་ཐོན་རྒྱལ་ཁབ་དག་དང་སྔོན་ཐོན་མི་རིགས་གཞན་དང་གཞན་འདྲ་བར་མི་རིགས་རང་ཉིད་ལའང་རང་སྐྱ་ཐུབ་པའི་སློབ་གསོ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད། འདས་ཟིན་པའི་ལོ་རྒྱུས་ཁྲོད་དུ་དུས་རབས་རེ་དང་མི་རབས་རེའི་མི་རྣམས་ཀྱིས་སློབ་གསོ་གཙིགས་སུ་བཟུང་མིན་དང་སློབ་གསོའི་ཕྱོགས་ལ་དགའ་དུང་ཡོད་མེད། ད་དུང་སློབ་གསོ་སྤེལ་ཐབས་འགྲིག་མིན་དང་། དེ་ལ་དོ་སྣང་ངམ་སློབ་སྦྱོང་ལེགས་པོ་བྱེད་མིན་སོགས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བར་འདོད། དེ་ཡང་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་སློབ་གསོ་ལ་བརྟེན་དགོས་པས། རང་མི་རིགས་ཀྱིས་ཀྱང་ཆོས་ལུགས་ཀྱི་ལམ་ནས་སློབ་གསོ་གཏོང་བ་དང་། གཏམ་རྒྱུད་དང་གླུ། ལ་གཞས་སྒྲུང་ལ་སོགས་པའི་ལམ་ནས་སློབ་གསོ་གཏོང་ཐབས་སྣ་ཚོགས་ཤིག་ཡོད། ད་དུང་ཁྱིམ་ཚང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ། དགོན་སྡེའི་སློབ་གསོ། སྤྱི་ཚོགས་སློབ་གསོ་སོགས་ཡོད། དེས་ན་གཤམ་དུ་ཚན་པ་བཞིའི་སྒོ་ནས་བཤད་ན།
དང་པོ། ཁྱིམ་ཚང་གི་སློབ་གསོ།
          ཕ་མ་གཉིས་ནི་ཁྱིམ་ཚང་གི་སློབ་གསོ་གཏོང་མཁན་གཙོ་བོ་ལས་གཙོ་བོ་ཡིན་དགོས། བུ་ཕྲུག་ནི་ཁྱིམ་ཚང་གི་སློབ་གསོ་མྱོང་མཁན་ནམ་ལག་ལེན་མཁན་གཙོ་བོ་ལས་གཙོ་བོ་ཡིན་དགོས། ཕ་མ་གང་ལ་དགའ་ན་གང་ལ་མཁས་པ་དང་བུ་ཡང་་ཕ་མ་གང་ལ་མཁས་ན་དེ་ལ་མཁས། ཕ་མ་བཟང་བོའི་བུ་ཕྲུག་དང་དགེ་རྒན་བཟང་བོའི་དགེ་ཕྲུག་ཅེས་པ་ལྟར། ཕ་མས་བུ་ཕྲུག་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡི་སྒོ་ནས་ཆེ་བར་བརྩི་བཀུར་དང་ཆུང་བར་བྱམས་སྐྱོང་བྱེད་ཚུལ་དང་ཡ་རབས་སྤྱོད་བཟང་མི་བཟང་དོན་བཟང་སྒྲུབ་ཚུལ། ལས་བཟང་བོ་ལ་འབྲས་བུ་བཟང་བོ་སྨིན་པ་ལས་ངན་པར་འབྲས་བུ་ངན་པ་སྨིན་པ་སོགས་ཀྱི་སློབ་གསོ་མི་ཉུང་བས་མི་སྤུས་ཇེ་ལེགས་སུ་གཏོང་ཐུབ་པ་མ་ཟད། མིའི་བསམ་པའི་གོ་རྟོགས་དང་ལག་རྩལ་ནུས་པ། ཡོན་ཏན་ཇེ་མཐོར་གཏོང་ཐུབ། སྔོན་ཐོན་མི་རིགས་གང་དང་གང་ལའང་ཡུལ་སྲོལ་གོམས་འདྲིས་དང་ལུས་ཀྱི་ཆ་ལུགས་རྒྱན་ཆ།འཚོ་བ་རོལ་སྟངས། སྐད་དང་ཡི་གེ་སོགས་ནི་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་པས།ཕ་མས་རང་གི་བུ་ཕྲུག་ལ་ཆུང་དུས་བཟུང་སྟེ་བོད་ཀྱི་ཡུལ་སྲོལ་གོམས་འདྲིས་དང་བོད་ལྭ་གོན་སྟངས་དང་རྒྱན་ཆ་འདོགས་སྟངས། བོད་སྐད་བཤད་ཚུལ་སོགས་ཀྱི་ཆ་ནས་ཀྱང་སློབ་གསོ་ལེགས་པོ་གཏོང་དགོས། དེ་ཡང་རིག་གནས་སློབ་གསོ་གཏོང་སྐབས་ལེགས་བཙོག་གཉིས་ཀྱི་སྒོ་ནས་སློབ་གསོ་གཏོང་དགོས་པ་སྟེ་ཁ་ཡག་ཚིག་ཡག་དང་ཡང་ན་གཤེ་གཤེ་གཏོང་བ།གཅར་རྡུང་སོགས་འཇིགས་སྐུལ་བྱེད་དེ་ཐབས་བརྒྱ་ཇུས་སྟོང་དང་གང་ལ་གང་འཚམས་དེ་ལ་དེ་འཚམས་ཀྱིས་སློབ་གསོ་ལེགས་པོ་ཐོབ་པའམ་མྱོང་དུ་འཇུག་དགོས་སོ།།
གཉིས་པ། སློབ་གྲྭའི་སློབ་གསོ།
          སློབ་གྲྭ་ནི་རིག་གནས་སློབ་གསོ་སྤེལ་ས་གཙོ་བོ་ཞིག་ཡིན་ལ། དེ་ལ་སློབ་གསོ་ལ་མཁས་ཞིང་སློབ་གསོ་གཏོངབར་དགའ་བའི་སློབ་གཙོ་དང་སློབ་སྟོན་མཁན་བཟང་བོ་ཡོད་དགོས། དགེ་རྒན་རིག་གནས་སློབ་གསོ་སྤེལ་མཁན་གཙོ་བོ་ལས་གཙོ་བོ་ཡིན། སློབ་གསོ་ལ་མཁས་དགོས་པ་དང་ཧུར་བརྩོན་དང་ཡོན་ཏན་ལྡན་དགོས། ཁྲིད་ཆས་ཆ་ཚང་ཡིན་དགོས། སློབ་མ་རིག་གནས་སློབ་གསོ་སྦྱོང་མཁན་གཙོ་བོ་ཡིན། དེ་ཡང་དགེ་རྒན་ལ་ཁྲིད་འདོད་ཀྱི་སྤྲོ་བ་ཡོད་དགོས་ལ། ཁྲིད་པའི་ཐབས་ཤེས་ཡོད་པ། གོ་རིམ་ལྡན་པ། ཁ་གསལ་ཁུངས་དག་ཡིན་དགོས་པ། འཆར་གཞི་ཡོད་པ། དམིགས་ཡུལ་ཡོད་པ། དམིགས་ཚད་ལྟར་ཁྲིད་པ། སློབ་མའི་རིག་གནས་ཆུ་ཚད་དང་རིག་པ་གསལ་མིན་སོགས་ཕྱོགས་མང་བོ་ལ་རག་ལས་པ་ཡིན་པས། གང་ལ་གང་འཚམས་དང་དེ་ལ་དེ་འཚམས་ཀྱིས་ཁྲིད་དགོས། ད་སྐབས་རང་རྒྱལ་གྱི་སྲིད་ཇུས་བཟང་བོའི་བཀའ་དྲིན་ལ་སློབ་ལོ་རན་པའི་བྱིས་པ་ཕལ་ཆེར་སློབ་ཞུགས་བྱས་ཡོད། འོན་ཀྱང་སློབ་རིམ་ཆུ་ཚད་ལྟར་དུ་སློབ་རིམ་འཕར་བར་མི་བྱེད་པར་ཆུ་ཚད་ཞན་པའམ་རྒྱུགས་མི་འཕྲོད་པའི་སློབ་མའང་སློབ་རིམ་འཕར་དུ་བཅུག་པ་དེས་དགེ་རྒན་གྱི་སློབ་ཁྲིད་ལ་དཀའ་ཁག་མི་ཉུང་བ་བཟོ་བཞིན་ཡོད་པ་མ་ཟད། སློབ་མ་རང་ཉིད་ལའང་མི་ཕན་པར་སློབ་སྦྱོང་བྱེད་པའི་སྤྲོ་བ་མེད་པར་བཟོ་སྲིད་པ་དང་གོམས་སྲོལ་ངན་པ་ཡང་ལོབས་སྲིད། དོན་ངོ་མས་ལོ་རིམ་དང་པོའི་ཆུ་ཚད་མ་གཏོགས་མེད་པ་དག་ལ་ལོ་རིམ་བཞི་བའམ་ལྔ་བའི་ནང་དུ་སློབ་སྦྱོང་བྱེད་དུ་འཇུག་པའམ་སློབ་མའི་ཆུ་ཚད་ལྟར་དུ་སློབ་ཁྲིད་མི་བྱེད་པར་སློབ་གྲྭར་ཡོང་པའི་ལོ་གྲངས་ལྟར་སློབ་རིམ་འཕར་དུ་བཅུག་སྟེ་སློབ་ཁྲིད་བྱེད་ན་མི་འགྲིག་པར་སྙམ། དེ་ནི་སློབ་མའི་རིག་གནས་ཆུ་ཚད་ལྟར་ཁྲིད་ན་ཉན་འདོད་ཀྱི་སྤྲོ་བ་ཡོད་པས་ཤེས་སླའོ།།
གསུམ་པ། དགོན་སྡེའི་སློབ་གསོ།
          དགོན་སྡེ་སློབ་གསོ་ནི་བོད་ཀྱི་རིག་གནས་སློབ་གསོ་རྒྱུན་འཛིན་བྱེད་ས་དང་དར་སྤེལ་བྱེད་ས། སློབ་སྦྱོང་བྱེད་ས་གཙོ་བོ་ཞིག་ཡིན་ལ། བླ་མ་དང་གྲྭ་བཙུན་རྣམས་དགོན་སྡེ་སློབ་གསོའམ་ཆོས་ལུགས་སློབ་གསོ་བྱེད་མཁན་གཙོ་བོ་ཡིན། དེ་བས་དགོན་པའི་ནང་བཞུགས་པའི་བླ་བཙུན་རྣམས་ཀྱིས་ཟས་བརྗེད་གཉིད་ཆག་དང་ཟས་གོས་ངན་ངོན་ཙམ་རོལ་ནས་སློབ་གསོའི་དོན་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྲིངས་ཏེ་སྒྲུབ་པ་ཉམས་ལེན་དང་ཐོས་བསམ་སྒོམ་གསུམ་སོགས་བྱས་ནས་ཐོབ་པའི་ཕུན་སུམ་ཚོགས་པའི་ཡོན་ཏན་དང་བླ་ན་མེད་པའི་སློབ་གསོ་རང་གི་ཐུགས་རྒྱུད་ལ་འབྱོར་ཡོད་པ་ཡོད་ཚད་དཀའ་ཚེགས་འོ་བརྒྱལ་དང་སྦ་གསང་མེད་པར་སྡེ་བ་དང་ཁྱིམ་ཚང་ནང་དུ་སོང་ནས་སྡེ་བ་སོ་སོ་དང་ཁྱིམ་ཚང་རེ་རེར་ཕེབས་ཏེ་སློབ་གསོ་མི་ཉུང་བ་བཏང་ན་སྤྱི་ཚོགས་སྟེང་གི་སྤྱི་དམངས་ཡོངས་ཀྱིས་སློབ་གསོའི་རིན་ཐང་དང་ཕན་ཡོན་བསམས་ཀྱིས་མི་ཁྱབ་པ་ཤེས་ན་དེ་ལ་ཡིད་ཆེས་བརྟན་པོ་དང་དད་པ་འགྱུར་མེད་ཀྱི་སྒོ་ནས་སྦྱོང་བ་ལྷོད་མེད་བྱས་ཏེ་རང་རང་ལ་སློབ་གསོ་ཐོབ་ན་སྐྱོན་དང་ནོར་འཁྲུལ་ཡོ་བསྲང་དང་བཅོས་བསྒྱུར་བྱས་ཚེ་དེ་ཕྱིའི་བྱ་བ་སྤྱོད་པ་ཡག་པ་དང་ནང་སེམས་དང་བསམ་པ་ཡག་པར་འགྱུར་བ་མ་ཟད། ཡོན་ཏན་ཅན་དང་ལག་རྩལ་ཅན། ནུས་པ་ཅན་དང་གསར་གཏོད་མཁན་སོགས་འབྱུང་བར་གདོན་ཟ་མི་དགོས། དེ་ཡང་བླ་མ་དང་དགེ་བཤེས། བཙུན་པ་དང་བཙུན་མ་སོགས་ནི་རང་མིའི་ནང་ནས་རིག་གནས་ཡོན་ཏན་ཕུན་སུམ་ཚོགས་ཤིང་ཕྱིའི་སྤྱོད་པ་དང་ནང་བསམ་བློ་ཡག་པ། བོད་མིས་ཁས་ལེན་ཞིང་ཁ་ལེན་ཚིག་བརྩི་གོང་བཀུར་སོགས་བྱེད་པ་དང་། བོད་ཀྱི་རིག་གཞུང་ཀུན་ལ་མཁས་པས་ལག་རྩལ་སྐོར་ནས་བརྗོད་ན་རྟོགས་སླ་བ་སོགས་མཐུན་རྐྱེན་མི་ཉུང་པ་འཛོམས་པས་སློབ་གསོ་གཏོང་བའམ་སྤེལ་ན། ད་གཟོད་བོད་ཀྱི་སློབ་གསོ་འཕེལ་རྒྱས་འགྲོ་བ་དང་མིའི་སྤུས་ཇེ་ལེགས་སུ་འགྲོ་བར་འདོད།
བཞི་བ། སྤྱི་ཚོགས་སློབ་གསོ།
          བོད་ཀྱི་སློབ་གསོ་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་སྤྱི་ཚོགས་སློབ་གསོ་གཙིགས་སུ་འཛིན་དགོས་ལ་གཙོ་བོ་ཡང་འཇོག་དགོས། མི་སྤྱིའི་ཕྲག་ཏུ་བབས་ཡོད་པའི་ལས་འགན་ལྕི་ཞིང་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་གལ་འགངས་ཆེ་བ་རེད་སྙམ། བོད་སྤྱི་ཚོགས་ཁྲོད་དུ་གནས་པའི་སྤྱི་དམངས་ཡོངས་ལ་སྤྱི་ཚོགས་སློབ་གསོར་མཁས་པའི་མི་སྣ་གདན་འདྲེན་ཞུ་ནས་སྒྲོག་སྦྱོང་བྱེད་པ་དང་། གལ་ཆེ་རང་བཞིན་བརྗོད་དུ་འཇུགས་པ། ཡང་ན་ཡོན་ཏན་དང་སྤྱི་ཚོགས་སློབ་གསོ་ལ་མཁས་པའི་མི་སྣས་རྩ་འཛུགས་སྣེ་ཁྲིད་མཛད་དེ་སྤྱི་ཚོགས་སྟེང་གི་མི་རེར་སློབ་གསོ་གཏོང་དགོས་མ་ཟད། དེ་ལ་སློབ་སྦྱོང་བཟང་བོ་བྱེད་དུ་བཅུག་ནས་སློབ་གསོ་རང་ལ་ཐོབ་པར་བྱས་ནས་ལག་ལེན་བཀོལ་སྤྱོད་ཐུབ་དགོས་པ་དང་། སྤྱི་ཚོགས་ཁྲོད་དུ་ཚོགས་པ་རེ་རེ་དང་ཚོགས་གཙོ་རེ་རེ་བཞག་ནས་ཚོགས་གཙོ་དེ་ལའང་ཡོན་ཏན་དང་ནུས་པ་ལྡན་ཞིང་སློབ་གསོ་ལ་མཁས་པའི་ཀུན་ལ་ཤ་ཚ་ཞིང་ཀུན་ཀྱིས་ཁས་ལེན་པ་དག་འཇོག་དགོས། ད་དུང་མི་རེས་ཁ་ནས་སློབ་གསོ་རེ་གླེང་བ་དང་། མི་རེས་ཡིད་དུ་སློབ་གསོ་རེ་འཛིན་པ། མི་རེས་ལག་པས་སློབ་གསོ་རེ་ལག་ལེན་བྱེད་དགོས། དེ་ལྟར་བྱེད་ན་སྤྱི་ཚོགས་སྟེང་དུ་སློབ་གསོ་ཁྱབ་བརྡལ་དུ་འགྲོ་བ་དང་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ། སྤྱི་ཚོགས་འཚོ་བ་ཡར་རྒྱས་གོང་འཕེལ་དུ་འགྲོ་བ། མི་རིགས་མཐུན་སྒྲིལ་ཡོང་བ། རིག་གནས་དང་ལག་རྩལ་དར་རྒྱས་སུ་འགྲོ་བ། འཚོ་བ་བདེ་སྐྱིད་ཡོང་ཞིང་མིའི་སྤུས་ཇེ་ལེགས་སུ་གཏོང་ཐུབ་བོ།།