ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > དཔྱད་གཏམ།

གངས་ལྗོངས་ས་མཐོར་ཏང་དར་ལྷབ་ལྷུབ་ཏུ་གཡོ།

བོད་གསར་པའི་ལོ་ངོ་70ཡི་རིང་གི་རིམ་སྤེལ་དཔྱད་གླེང་གི་གྲས་ཏང་འཛུགས་སྐྱོང་སྐོར་གྱི་ལེའུ།

སྤེལ་དུས 2021-08-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། རྩོམ་པ་པོ།
           ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོར་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་གཞུང་ལམ་གཡས་གཡོན་དུ་ཀོང་པོའི་ཁྱད་ཆོས་མངོན་གསལ་དོད་པའི་སྡོད་ཁང་གསར་པ་སྟར་པ་དང་སྟར་པ་བྱས་ནས་བརྒྱབ་པ་དང་། གྲོང་མི་ཚོའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། སྔོན་ཆད་སད་སྒོ་རྭ་གྲོང་ཚོའི་གྲོང་མི་ཚོས་ས་ཞིང་མུའུ་887.7ལ་བརྟེན་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད།
           དབུལ་སྒྲོལ་བྱེད་འདོད་ན་བསམ་བློར་འགྱུར་ལྡོག་གཏོང་དགོས། གྲོང་ཚོ་ཡོངས་ཀྱི་དུད་ཚང་ཚང་མར་ཏང་ཡོན་ཡོད་པའི་དོན་དངོས་དང་ཟུང་འབྲེལ་གྱིས་2013ལོར་སད་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས“ཀྲི་པུའུ་དང་། ཏང་ཡོན། ཁྱིམ་ཚང་བཅས་ཟུང་འབྲེལ”གྱི་འཕེལ་རྒྱས་གཏོང་སྟངས་གཏན་འཁེལ་བྱས་ནས་ལུག་གསོ་ཚགས་ར་བ་དང་སྟར་སྡོང་འདེབས་འཛུགས་སོགས་ཀྱི་རྣམ་གྲངས་འཚོལ་ཞིབ་དང་ལག་བསྟར་བྱས་ཡོད། 2019ལོར་རྣམ་གྲངས་ཀྱི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ནས་ལོ་དེར་དུད་ཚང་རེར་ཆ་སྙོམས་བགོ་འགྲེམས་སྒོར་ཁྲི་5.5རག་པ་དང་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2.8ཟིན་ཡོད།
སྨན་རི་ཤང་སད་སྒོ་རྭ་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་ནི་བོད་ལྗོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་བའི་བསྡུས་རིས་ཤིག་རེད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། བོད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཏང་ཡོན་ཚང་མ་དམར་མདངས་བཀྲ་བའི་དར་ཆ་ཞིག་ཏུ་འགྱུར་བར་བྱས་པ་དང་། ཀྲི་པུའུ་ཚང་མ་ཏང་དར་ལྷབ་ལྷུབ་ཏུ་གཡོ་བའི་དམག་འཐབ་མཁར་རྫོང་ཞིག་ཏུ་འགྱུར་བར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་འབད་འཐབ་བྱས་ཡོད།
           རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ནས་ནུས་སེམས་གཅིག་ཏུ་བསྒྲིལ་རྒྱུར་ཤུགས་སྣོན་བརྒྱབ་པ།
           ལོ་ངོ་70ཡི་རིང་། བོད་དུ་ཏང་རྩ་འཛུགས་མེད་པ་ནས་ཡོད་པ་དང་ཉུང་བ་ནས་མང་བའི་བར་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། བོད་ལྗོངས་ཀྱི་ཏང་ཡོན་གྱི་དཔུང་ཁག་ཀྱང་ཆུང་བ་ནས་ཆེ་བ་དང་ཉམས་ཞན་ནས་སྟོབས་ཆེའི་བར་འཕེལ་རྒྱས་ཕྱིན་ཞིང་། མིག་སྔའི་བར་ལྗོངས་ཡོངས་སུ་གཞི་རིམ་ཏང་རྩ་འཛུགས་ཁྲི་2.19དང་ཏང་ཡོན་ཁྲི་41ཡོད། 
           ལོ་ངོ་70ཡི་རིང་གི་དཀའ་སྤྱད་འབད་འཐབ་དང་། ལོ་ངོ་70ཡི་རིང་གི་འབད་འབུངས་མདུན་སྐྱོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ལྗོངས་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་དོན་ཆེན་སྒྲུབ་པའི་ཐབས་ཇུས་ལེགས་པར་བཀོད་གནང་བ་དང་། གསར་གཏོད་རང་བཞིན་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་གནང་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན། སྒུལ་ཤུགས་ཆེན་པོ་བསྣན་པ་བཅས་གནང་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
           གངས་ལྗོངས་ས་མཐོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་ཟབ་ཏུ་གཏོང་བ་དང་། ཏན་ཏན་ཏིག་ཏིག་ཡོང་བ། ནང་སེམས་ལ་ཟུག་པ་བཅས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་ཚ་ཚ་འུར་འུར་ངང་སྤེལ་ཡོད། 2020ལོ་ཁོ་ནར་བོད་ལྗོངས་ཀྱི་སྡེ་ཚན་ཁག་གིས་གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་546བཙུགས་ནས་དཔེ་ཀློག་སློབ་སྦྱོང་དང་ཆེད་དོན་བགྲོ་གླེང་སོགས་བྱེད་སྒོ་ཐེངས་2477སྤེལ་བ་དང་། “སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”སོགས་སློབ་སྦྱོང་ལས་སྟེགས་སྤྱད་དེ“གཞོན་ནུའི་སློབ་སྦྱོང་ཆེ་མོའི”བྱེད་སྒོར་སྐུལ་འདེད་བཏང་བར་རིམ་རྩིས་བྱས་ན་བྱེད་སྒོར་ཞུགས་མཁན་མི་ཐེངས་ཁྲི་9.5ཟིན་ཡོད།
           ད་ཆ་ས་མཐོའི་བུ་ཕྲུག་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་བ། གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་འབད་འབུངས་བྱས་དང་བྱེད་མུས་རེད།
           སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་པ།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་གཅོད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་བཅས་བྱས་ཏེ། བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་རྩ་བའི་འགན་ལེན་བྱས་པ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
           བོད་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“སྲུང་སྐྱོང་གཉིས”ལ་དམིགས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་གཅིག་འདོམས་སུ་བྱེད་པ་དང་། རྒྱུན་གཏན་གྱི་ལྟ་སྐུལ་ཏན་ཏིག་བྱ་རྒྱུ་རྨང་གཞིར་བྱེད་པ། ཆེད་དོན་ལྟ་སྐུལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། སྔོན་ལ་ལྟ་སྐུལ་བྱེད་པ། རྒྱུན་དུ་དམ་འཛིན་གྱིས་རྒྱུན་རྣམ་ཅན་དུ་འགྱུར་བ་བྱེད་པ། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་བྱས་ཡོད།
           གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་724ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་657ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མི་1154ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་ཡོད། 2020ལོ་ཁོ་ནར་བོད་ལྗོངས་ཀྱིས་ཆུས་ཨུད་ཀྱི་དོ་དམ་ལས་བྱེད་པ་34གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། “འགོ་ཁྲིད་པ་གཙོ་བོ”407གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་པ། ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཐེངས་4685དང་ལེན་བྱས་པ། འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གཙོ་གནད་ལས་གནས་ཐོག་གི་མི་སྣ་མི་ཐེངས་498སྐོང་འདྲི་བྱས་ཡོད།
           དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད་པ།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། “ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་ཏན་བསྟར་རྒྱུ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་ལ་བབས་ས་ཡིན་པས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་བཅས་ཀྱི་གྲུབ་འབྲས་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས”པ་དང“སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས”ཞེས་ནན་བཤད་གནང་བ་དེས་ལྗོངས་ཡོངས་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
           མིག་སྔར། ལྗོངས་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང་། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་ཏན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ས་གནས་ཁག་གིས་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པའི་ཏང་གི་ལོ་རྒྱུས་བསླབ་གཞི་འདི་སྤྱད་དེ། ཏང་ཡོན་ལས་བྱེད་པ་ཚོས་ལོ་རྒྱུས་རྟོགས་ཤིང་ཏང་ལ་དགའ་ཞེན་དང་ལོ་རྒྱུས་རྟོགས་ཤིང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་བ་འཕེལ་བར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚ་རླབས་འཕྱུར་བར་བྱས་ཡོད།
           ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཚན་ཁག་གི་ཁོངས་མི་དང་ཆུས་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་གཞི་རིམ་གྲོང་ཚོ(གྲོང་ལྷན)ཁག་ཏུ་བསྐྱོད་དེ་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་དང་མི་སེར་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱས་པ་དང་། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ལ་དམིགས་ཏེ། འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་འབྲེལ་ཡོད་དྲི་བར་ལན་བརྒྱབ་པ་མ་ཟད། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གནད་དོན་རེ་རེ་བཞིན་ལ་ལན་བསློགས་པ་དང་ཐག་གཅོད་ཀྱང་བྱས་ཡོད།
           “ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལས་ལ་གཞོལ་བའི་ལོ་ངོ་བརྒྱ་ནི་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པ་ཞིག་རེད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད། དཀའ་ངལ་དང་ཉེན་ཁ་ཅི་འདྲ་ཞིག་འཕྲད་རུང་དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་ཏང་ཡོན་གྱིས་གདོང་མཆོང་བྱེད་སྲིད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། བོད་ལྗོངས་ཀྱིས་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་གདོང་ལེན་རུ་ཁག་186བཙུགས་པ་དང་། གནམ་ཐང་དང་རླངས་འཁོར་བབས་ཚུགས་སོགས་མི་སྣ་འདུ་འཛོམས་ཆེ་ས་དང་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་སར་ཏང་ཡོན་གྱི་གདོང་ལེན་ལས་གནས་680ལྷག་ཙམ་བཙུགས་པ། ཏང་གི་གྲོན་དངུལ་སྒོར་ཁྲི་140འཕྲལ་མར་བཏང་བ་བཅས་ཀྱི་ཐོག་ནས་རིམས་འགོག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་དང་འཐབ་ས་དང་པོའི་རིམས་འགོག་མི་སྣར་འཚམས་འདྲི་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཁེ་ལས་སྐུལ་སློང་བྱས་ནས་ཧུའུ་པེའི་རིམས་འགོག་ལ་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ཡོད།
           ཟླ་5པ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་ཤང་བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་སྨིན་པའི་དུས་ཚིགས་ཤིག་རེད། 2008ལོ་ནས་བཟུང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་རྒྱལ་གྱིས་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་དུ་བྱས་ནས་གྲོང་མི་ཚོའི་སྣེ་ཁྲིད་དེ་འབྲི་ཏ་ས་འཛིན་བཏབ་པ་ནས་བཟུང་གྲོང་མིའི་ཡོང་འབབ་ལོ་རེ་ལས་མ་འདས་པར་མང་དུ་ཕྱིན་ཡོད། 2019ལོའི་ལོ་མཇུག་ཏུ་བཅུ་འཕར་གྲོང་ཚོའི་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་670ལྷག་ཙམ་ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།