གནས་ཡུལ། མདུན་ངོས།  ༄༅།། བརྩེ་དུང་གི་སྡེ།
 
 
༄༅།།བརྩེ་དུང་གི་སྡེ།
སྤེལ་དུས། 2009-06-04 ཡོང་ཁུངས་། རྩོམ་པ་པོ།

གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས།།རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས།།སྤྲང་བོའི་མི་ཚེ་ལྕགས་སྨྱུག་ལྷན་ཅིག་ཏུ།།རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ།།

---དགེ་འདུན་ཆོས་འཕེལ།

ཀྱེ་ཧུད། བོད་རིགས་ཏེ། བོད་གངས་ཅན་གྱི་ཡུལ་ན་གནས་པའི་མི་རིགས་ཁྱེད་ལ་མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཡོད་པར་མ་ཟད། སྟོབས་འབྱོར་མངའ་ཐང་རྒྱས་པའི་ད་ལྟའང་ཡོད་མོད། འོན་ཀྱང་། ད་ལྟ་ཏང་གི་དབུ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཟང་བོ་འདི་འདྲའི་འོག་ཏུ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་མི་བྱེད་པར་གུ་དོག་པོའི་མི་རིགས་རིང་ལུགས་དང་གུ་དོག་པོའི་ས་གནས་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་མི་ཉུང་ཤས་འདི་ཚོ་ལས་སྙིང་རྗེ་བ་དང་རྒོད་བྲོ་བ་ཞིག་གང་ན་ཡོད།

---དཔལ་དོན་གྲུབ་རྒྱལ།

རི་བོ་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམས་ཏེ།།ཐག་རིང་རྒྱུས་མེད་མི་ཡི་རྒྱལ་ཁམས་སུ་སླེབས་ནས།།མདོ་མེད་འཕྱོར་མོའི་ཕྱོགས་ལ་རང་སེམས་དེ་ཤོར་ནས།།

དྲིན་ཅན་ཕ་མ་བརྗེད་པའི་བུ་རུལ་ང་སྐྱོ་བ།།

---དགེ་འདུན་ཆོས་འཕེལ།

འཇིག་རྟེན་འདིའི་ཐོག་ན་བརྩེ་དུངས་རིགས་གཉིས་ཏེ། གཅིག་ནི་རང་གི་ཁེ་ཕན་དང་རང་གི་ཐོབ་ཤོར་གཞིར་བཞག་སྟེ་སྒེར་སེམས་དང་། གཡོ་སྒྱུ། ངན་སེམས། བཅོས་མ་ལ་སོགས་པའི་ཐ་ཤལ་གྱི་བརྩེ་དུངས་ཡིན་པ་དང་། ཅིག་ཤོས་ནི། བདག་བས་གཞན་གཅེས་དང་རང་གཞན་ཀུན་ཕན་གྱི་བསམ་བློ་གཞིར་བཞག་སྟེ་སྤུས་དག་ཅིང་། གཡོ་མེད་པ། རྒྱུད་དྲང་བ། སེམས་བསམ་པའི་སྟེང་ནས་ཐོན་པའི་བླ་ན་མེད་པའི་བརྩེ་དུངས་དེ་རེད།

---དཔལ་དོན་གྲུབ་རྒྱལ།

འཇིག་རྟེན་གྱི་འཚོ་བ། བདེ་སྐྱིད་ཀྱི་སྣང་བ། བརྩེ་དུངས་ཀྱི་འདུན་པ་བཅས་ནི་བྱི་ལས་ཙི་གུར་འཇབ་པ་དང་། རྔོན་པས་རི་དྭགས་ལ་སྒུག་པ་ལྟར་རྐང་འཇབ་ལག་འཇབ་ཀྱིས་བསམ་པའི་ཁང་བཟང་ནང་དུ་འཛུལ་འོངས་པ་དང་། ཕོ་མོའི་བརྩེ་དུངས་ཀྱི་བསམ་བློའི་མྱུ་གུ་དེ་ཚེ་གང་ལ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་རེ་འདུན་གྱི་ལུད་བཅུད་བཟང་བོ་དང་མཛའ་ཞིང་མཐུན་པའི་ཉི་འོད་ཀྱིས་བསྐྱངས་ཏེ་ཐོག་དང་པོར་གངས་དཀ་སེམས་ཀྱི་ས་ཞིང་གཤིན་པོའི་ཐོག་ཏུ་འདབ་མ་རྒྱས་པ་དང་མེ་ཏོག་བཞད་འགོ་ཚུགས་སོང་།

---དཔལ་དོན་གྲུབ་རྒྱལ།

ཁྲེལ་མེད་ཀྱི་མི་རྣམས་ཨ། ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཤེས་པ་ལས། དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་མི་བྱེད་པར་མ་ཟད། ད་དུང་འཁ་ར་དང་སྡང་སེམས་འཛིན་དོན་ཅི་ཡོད།

---དཔལ་དོན་གྲུབ་རྒྱལ།

ངོ་མ། འཇིག་རྟེན་གྱི་སྣང་བའི་དབང་དུ་གྱུར་ན་ནི་སྐྱོན་ཐམས་ཅད་དགེ་མཚན་དུ་མཐོང་བ་དང་། ཞན་ཆ་ཐམས་ཅད་ལེགས་ཆར་འཛིན་པའི་སྐབས་ཀྱང་ཡོད་པར་ངེས།

---དཔལ་དོན་གྲུབ་རྒྱལ།

རང་ལོ་སོ་གཉིས་སུ་སོན་པའི་དགུན་ཟླ་ར་བའི་ཚེས་བཅོ་བརྒྱད་ལ་གངྒའི་ཆུ་འཐུང་ཞིང་། ལོ་དེའི་དགུན་ཟླ་ཧྲིལ་བོར་སྲིན་བུ་མཚོ་དཀྱིལ་དུ་ལྷུང་བ་ལྟ་བུའི་སྐྱོ་ཉམས་དང་བཅས་གྲོང་ཁྱེར་སྐྱ་ནར་གྱི་བུར་བསྡད་དོ།།

---དཔལ་དོན་གྲུབ་རྒྱལ།

ང་རང་ཕ་ཡུལ་གྱི་རྩྭ་ཐང་དུ་ལངས་ནས།།མཛེས་སྡུག་གི་ནམ་མཁའ་ལ་རྒྱང་ལྟ་བྱེད་ཐེངས་རེ་དང་།།ཁོ་རང་མཚོ་སྔོན་པོའི་མཚོ་འགྲམ་དུ་འགྲེངས་ནས།།

ཁྱེད་ཀྱི་གཟུགས་བརྙན་ལ་ཞིབ་ལྟ་བྱེད་ཐེངས་རེར།།བདག་གི་ཁྲ་ཆུང་མིག་ལམ་དུ་ངོ་མཚར་གྱི་དཔེ་རིས་གསོན་པོ་སྣ་ཚོགས་འཆར་འོངས་པ་དང་།།

ཁོ་བོའི་གངས་དཀར་སེམས་ལ་བདེ་སྐྱིད་ཀྱི་སྣང་བ་གསོན་པོ་གང་མང་ཤར་ཞིང་འོངས།།

---དཔལ་དོན་གྲུབ་རྒྱལ།

ལར་རྒྱ་གར་ཕྱོསག་ཀྱི་རི་ལྗོན་ཉམས་དགའ་བ་འདི་དག་མཐོང་བ་ཙམ་གྱིས་ཀྱང་རྣམ་པ་སྣ་ཚོགས་པའི་སྣང་བ་དག་སེམས་ལ་སྦྱིན་པར་བྱེད།།

---དགེ་འདུན་ཆོས་འཕེལ།

དཔྱིད་རླུང་བུ་ལྡང་བ་དང་། དབྱར་མེ་ཏོག་བཞད་པ། སྟོན་སེར་བ་འབབ་པ། དགུན་གྲང་ངར་ལྡ་བ་བཅས་ཀྱི་དུས་གང་ཞིག་ཡིན་རུང་ངའི་མིག་ལམ་དུ་ཁྱེད་ཀྱི་བཞིན་རས་དང་། རྣ་ལམ་དུ་ཁྱེད་ཀྱི་གསུང་སྐད། སེམས་ལ་ནི་ཁྱེད་ཀྱི་དོན་དང་ལྡན་པའི་ཚིག་རྣམས་མ་གཏོགས་ཅི་ཡང་མི་འཆར།

---དཔལ་དོན་གྲུབ་རྒྱལ།

འདོད་པའི་བདེ་བ་བདེ་བའི་ནང་ན་མཆོག།མཆོག་དམན་ཀུན་གྱིས་རྙེད་པར་སླ་བའང་ཡིན།།

---དགེ་འདུན་ཆོས་འཕེལ།

རང་གི་བདེ་སྐྱིད་ཀྱི་རྩ་བ་དེ་གཞན་གྱི་སྡུག་བསྔལ་གྱི་ས་གཞིའི་སྟེང་དུ་འཛུགས་མི་རུང་ཞིང་། གལ་ཏེ་རུང་བའི་དབང་དུ་བཏང་ན་ཡང་དེ་ལ་རང་དབང་གི་རྩ་བ་རྒྱས་མི་ཐུབ་ལ། མཐུན་སྒྲིལ་གྱི་ཡུལ་ག་རྐྱོང་མི་ཐུབ་པར་མ་ཟད། མཛའ་མཐུན་གྱི་ལོ་མ་དང་བརྩེ་དུང་གི་མེ་ཏོག་ཀྱང་བཞད་མི་ཐུབ་པས་ཡོད་ལ་རེ་བའི་འབྲས་བུ་ནི་དེ་བས་ཀྱང་ལྟ་ཅི་སྨོས།

---དཔལ་དོན་གྲུབ་རྒྱལ།

ནོར་དང་དབང་ཐང་བྲལ་བའི་ཕོ་མོ་ཡང་།།མལ་གྱི་ནང་ན་མཐོ་རིས་བདེ་བ་རྫོགས།།མགོ་བོ་དུང་ལས་དཀར་བའི་རྒད་པོ་ཡང་།།རྒན་མོའི་རུམ་ན་བརྗོད་མེད་དགའ་བ་མྱོང་།།

---དགེ་འདུན་ཆོས་འཕེལ།།

བསམ་བློའི་བརྩེ་དུང་ལ་འགྱུར་བ་གཏོང་རྒྱུ་ནི་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཡིན་པ་དང་། སྙིང་གི་དགའ་གྲོགས་ཤིག་གངས་དཀར་སེམས་ཀྱི་ཁང་བཟང་ནས་ཕྱིར་ཕུད་རྒྱུ་ནི་དེ་བས་ཀྱང་སྡུག་བསྔལ་གྱི་རྒྱུ་ཞིག་རེད།

---དཔལ་དོན་གྲུབ་རྒྱལ།

ཡངས་པའི་འཇིག་རྟེན་མྱ་ངམ་ཐང་བཞིན་ཆེ།།ལས་མང་ཁུར་གྱིས་སྐྱེས་བུ་ངེས་པར་སྐྱོ།།དེ་ལ་དགའ་བའི་སྤྲོ་བ་སྦྱིན་ནུས་པའི།།རྩེད་གྲོགས་བུ་མོ་ལས་ཀྱི་སྤྲུལ་བ་འདྲ།།མཐོང་བས་ཡིད་དགའ་གཟུགས་ཀྱི་རི་མོ་སྟེ།།རིགས་བརྒྱུད་བཟང་པོ་བསྐྱེད་པའི་ཞིང་ས་ཡིན།།སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་།།སྐྱོ་བའི་སེམས་གསོ་གཏོང་བའི་སྙན་དངགས་མཁན།།ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ།།ཚེ་གཅིག་རྩེ་དགས་སྐྱོང་བའི་གྲོགས་མོ་ཉིད།།

---དགེ་འདུན་ཆོས་འཕེལ།།

མདུན་བསྐྱོད་ལམ་དུ་དཀའ་བ་ཅི་འདྲ་མང་པོ་ཞིག་ཡོད་པ་རེད་ཨང་། མདུན་བསྐྱོད་ཀྱི་ལམ་དུ་དོན་སྙིང་ལྡན་པའི་གོམ་པ་རེ་སྤོ་བ་ནི། རྒྱ་མཚོའི་འཇུག་པའི་གྲུ་རྫིངས་དང་འདྲ་བར། སྐབས་རེར་རླུང་ཞི་ཞིང་རླབས་འཇགས་པ་དང་། སྐབས་རེར་གནམ་ས་བླ་འོག་བསྒྱུར་བའི་རྦ་ཀློང་དྲག་པོའི་ཁྲོད་དུ་ཞུགས་ཏེ། འཆི་བ་སྲོག་ལ། ཐུག་པའི་སྐབས་ཀྱང་ཡོད།

---དཔལ་དོན་གྲུབ་རྒྱལ།

ལྷོ་ལམ་བྱེ་མ་ཅན་གྱི་ཐང་དུ་ངལ་བའི་རྐང་འགྲོས་རབ་བཀོད་ཅིང་།།ངམ་ནག་རྒྱ་མཚོའི་འོབ་ཀྱིས་བསྐོར་བའི་ས་ཡི་མུ་ཁྱུད་མངོན་བརྒལ་ཏེ།།

གཅེས་ཤིང་འཕངས་པའི་སྲོག་གི་ཉག་ཐག་རལ་གྲིའི་སོ་ལ་དྲངས་པ་ལས།།དཀའ་བའི་ལོ་ཟླ་རིང་མོ་ཟད་ནས་ཅི་ཞིག་ལྟར་ཏེ་གཞུང་འདི་གྲུབ།།

---དགེ་འདུན་ཆོས་འཕེལ།

ཀྱེ་མ་བསླབ་པའི་ཤེས་རྒྱ་དང་།།སྒོམ་པའི་ཉམས་མྱོང་མ་མཆིས་པར།།གང་དྲན་སྨྲ་བའི་ཁྲེལ་འདས་དག།བསམ་ཞིང་བསམ་ཞིང་ཡི་རེ་མུག།བརྟག་ཅིང་བརྟག་ཅིང་སྙིང་རེ་རྗེ།།

---ཤེས་རབ་རྒྱ་མཚོ།

ཟས་དང་སྐོམ་གྱི་ལྟོགས་འདོད་ཞི་བའི་རྣག་གི་ཕུང་བོ་ཞིག་གྱུར་ཅིང་།རྙེད་དང་བཀུར་སྟིའི་མཁོ་བ་ཟད་པའི་རུས་གོང་ཚོགས་རྣམས་འཐོར་བ་ན།། དཀའ་བས་བསགས་པའི་མང་ཐོས་ཕུང་པོ་ཡི་གེའི་གཟུགས་སུ་གྱུར་བ་འདིས།།མ་མཐོང་གྲོགས་པོ་རྣམས་ཀྱི་མདུན་དུ་རྒྱ་ཆེན་ཕན་པའི་ལམ་མཚོན་ཤོག།

---དགེ་འདུན་ཆོས་འཕེལ།

ཀྱེ་སྐྱིད་ཆུ་སྔོན་མོ་ཨང་། རང་ཅག་གི་མ་འོངས་པ་ནི་དེ་བས་ཀྱང་མཛེས་སྡུག་ལྡན་ལ་འོད་སྣང་ཆེས་ཆེར་འཕྲོ་བ་ཞིག་ཡིན།

----ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

མཛའ་མཐུན་གྱི་ཀླུང་མོ། ཆུ་ཀླུང་དེ་རྒྱུན་བཟང་བོ་ཞིག ཆད་མི་རུང་བ་ཞིག མུ་མཐུད་དུ་འབབ་དགོས་པ་ཞིག དེས་མི་ཚད་ཚེ་གང་ལ་བཞུར་དགོས་པ་ཞིག

---དཔལ་དོན་གྲུབ་རྒྱལ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060