གནས་ཡུལ། མདུན་ངོས།  ༄༅།།ཐོར་བུ་བའི་སྡེ།
 
 
༄༅།།ཐོར་བུ་བུའི་སྡེ།
སྤེལ་དུས། 2009-06-04 ཡོང་ཁུངས་། མཁས་པའི་ཞལ་གདམས། རྩོམ་པ་པོ།
 

ལ་རྒྱ་ནི་རང་རའི་བླ་སྲོག་ཡིན་པ་དང་། ང་རྒྱལ་ནི་རང་གི་གཟི་བརྗིད་རེད། ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ། གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང། ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ། གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན། རང་རིགས་ཀྱི་གཟི་བརྗིད་དང་། མེས་རྒྱལ་གྱི་ལ་རྒྱ་ཡང་རེད།

---དཔལ་དོན་གྲུབ་རྒྱལ།

བོད་ཀྱི་ལྟེ་གནས་གྲོང་ཁྱེར་ལྷ་ས་དང་། གནའ་རབས་ལོ་རྒྱུས་ཀྱི་འབྱུང་ཡུལ་ལྷོ་ཁའམ། ཀོང་པོ། འབྲི་གུང་སོགས་ས་གནས་དུ་མར་གནའ་དུས་བཙན་པོའི་སྐབས་བསྐྲུན་པའི་རྡོ་རིང་གི་ཡི་གེ་བཟོ་བཅོས་ཀྱི་དྲི་མས་མ་གོས་པ་ཁག་གཅིག་ད་ལྟའང་དངོས་སུ་གནས་ཡོད་པ་དེ་དག་གི་ཐོག་ཆབ་སྲིད་དང་། དམག་དོན། ས་རིས་བདག་དབང་གི་སྐོར་སོགས་འཁོད་ཡོད་ལ། ཆོས་ལུགས་འཛིན་སྐྱོང་ཐད་ཀྱི་གཙིགས་ཡིག་ཀྱང་ཚུད་པ་བཅས་ལོ་རྒྱུས་དཔྱད་གཞིའི་ནང་དོན་ཕུན་སུམ་ཚོགས་ཙམ་མཆིས།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

བསམ་བློ་གསར་བ་ཞིག་དང་། ལྟ་བ་གསར་བ་ཞིག་དོད་ཚུལ་གསར་བ་ཞིག་ལུགས་སྲོལ་གསར་བ་ཞིག སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་སུ་གདན་འདྲེན་རྒྱུ་ནི། བསེ་རུའི་ར་དང་། རུས་སྦལ་གྱི་སྤུ། མཁའ་ཡི་པད་མོ། ས་ཡི་འཇའ་ཚོན་བཞིན་དུ་དཀའ།

---དཔལ་དོན་གྲུབ་རྒྱལ།

མི་རིགས་ཀྱི་ལ་རྒྱ་ཡིན་ཁུལ་གྱིས་རྗེས་ལུས་བླུན་སྐྱོན་གྱི་ལྡུམ་བུ་ཡང་ལྷ་རྫས་མེ་ཏོག་གི་གྲལ་དུ་བཤམས་པ་དང་། མགོ་ཐོག་གི་རྨ་ཡང་གཙུག་ཐོག་གི་མཛེས་རྒྱན་དུ་རློམས་ནས། ལྡུམ་བུ་བསལ་བ་དང་། རྨ་ལ་གཙག་བུ་འདེབས་པ་ལ་སྡང་བ་མཁས་པའི་སྤྱོད་ཚུལ་ག་ལ་ཡིན།

---དོར་ཞི།

ཆེན་པོའི་ལུང་དང་གསེར་གྱི་མཎྜལ་བཅས།།བསྐུལ་བའི་སྐྱེས་བུ་སུ་ཡང་མཆིས་ཀྱི།།རིགས་པའི་དབྱིག་མཛོད་འདོར་ལ་འཕང་བའི་བློས།།རང་གིས་དཀའ་བ་འཁུར་དུ་བླངས་ཏེ་བྲིས།།དབང་འབྱོར་ཁྲག་ལ་རྔམས་པའི་མེ་འབར་བའི།།དམར་སེར་ཕྲག་དོག་མིག་ལ་ཆེར་འཇིགས་ཀྱང་།།གནོག་ཆུང་ཐོས་པ་བསགས་པའི་བག་ཆགས།།གོམས་པའི་རང་སེམས་རིགས་པའི་གཏམ་ལ་ཆགས།།ཐོས་བརྩོན་ཤེས་རབ་ཅན་གྱི་སྙིང་གི་སྒོར།།ཅི་སྟེ་ཞུགས་ན་འབད་པའི་འབྲས་བུ་སྟེ།།ལྐུགས་པའི་འཛུམ་དང་ཕྱུག་པོའི་ལེགས་སོལ།།རེ་བའི་རྨི་ལམ་བདག་ལ་ནམ་ཡང་མེད།།

---དགེ་འདུན་ཆོས་འཕེལ།

འདོད་པའི་ཡོན་ཏན་ལ་ཆོག་ཤེས་བསྟེན་དགོས་ཀྱི། ཐོས་པ་ལ་ཆོག་ཤེས་བསྟེན་པར་མི་རིགས་སོ།།

---ཚེ་ཏན་ཞབས་དྲུང་།

ལྷ་ཡི་ནང་ན་བརྒྱ་བྱིན་གཙོ།།མི་ཡི་ནང་ན་འཁོར་བསྒྱུར་གཙོ།།སྐྱེ་བོའི་ནང་ན་མཁས་པ་གཙོ།།ཆེ་བའི་ནང་ན་ཐོས་པ་གཙོ།།

---ཤེས་རབ་རྒྱ་མཚོ།

མི་ལ་ལ་ཞིག་རང་ལ་ལེགས་ཉེས་ཤན་འབྱེད་པའི་ཆོས་རབ་རྣམ་འབྱེད་ཀྱི་རྩལ་ཅི་ཡང་མེད་པར། འོལ་ཚོད་ཀྱིས་འཐད་མི་འཐད་ཀྱི་རྣམ་དབྱེ་འབྱེད་ཅིང་། རང་གི་རྨོངས་བློ་དང་མི་མཐུན་པའི་གསེར་རྡོག་ཀྱང་བོང་བུའི་འདུ་ཤེས་ལས་མེད་ལ། རང་གི་རྨོངས་བློ་དང་མཐུན་པའི་རྟུག་པ་སྐམ་པོ་ཡང་རིན་ཆེན་རིལ་བུའི་འདུ་ཤེས་འཛིན། ལ་ལ་ཞིག་རང་ལུགས་ཀྱི་གཏ་སོ་ཅི་ཡང་མེད་པར། གཞན་དག་གི་ཟེར་ཚད་དང་ལས་ཚད་ཀྱི་རྗེས་འབྲངས་ནས་རླུང་ཁའི་ཤིང་བལ་གྱི་བརྟུལ་ཞུགས་འཛིན་པ་ནི་ཅོལ་ཆུང་གི་འཆལ་རྟགས་ལས་བློ་གྲོས་ཀྱི་རྩལ་འཛོམས་པའི་མཁས་རྟགས་ག་ལ་ཡིན།

---དོར་ཞི།

འབྱོར་ཚེ་ཉེ་བའི་དྲུང་ན་ཁུད་ཁུད་དུ་འགྲོ་ཞིང་།།རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།།དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།།

བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང་།།

---དགེ་འདུན་ཆོས་འཕེལ།

གསར་བྱུང་གི་སྟོབས་ཤུགས་མེད་པ་ཡིན་ན། རྒྱ་མཚོ་ཡིན་ཀྱང་རུལ་བར་འགྱུར་ལ། གསར་བཏོད་ཀྱི་སྙིང་སྟོབས་མེད་པ་ཡིན་ན། གསར་བ་ཡིན་ཀྱང་སྙིང་བོ་ག་ལ་ཡོད།

---དཔལ་དོན་གྲུབ་རྒྱལ།

ང་ཚོས་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྒྱལ་རབས་དང་། ཆོས་འབྱུང་སྣ་ཚོགས། བོན་གྱི་ལོ་རྒྱུས་དང་། བསྟན་འབྱུང་། རྣམ་ཐར་གྱི་རིགས་དང་། ཁྱིམ་རྒྱུད་ཀྱི་བྱུང་བ་བརྗོད་པ། དེ་མིན་གྱི་ཡིག་ཆ་གཞན་དག་བཅས་གང་ཞིག་ཡིན་ནའང་རྨོངས་ཞེན་དང་ཕྱོགས་རིས་ཀྱི་ལྟ་བས་མ་བསླད་པར་གཙོ་བོ་ནང་དོན་ཐད་སྐབས་དེ་རང་གི་ལོ་རྒྱུས་དངོས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་འཁོད་ཅི་ཙམ་མང་བ་དང་། ཁུངས་བཙུན་པ། ཁ་གསལ་ལ་ཞིབ་ཚགས་པ་སོགས་ཡོད་པ་ཞིག་ཡིན་ཕྱིན། ཡིག་ཆ་མི་ཆེ་ཆུང་དང་། ཤོག་གྲངས་མང་ཉུང་། རྩོམ་པ་པོ་སྙན་གྲགས་ཡོད་མེད་སོགས་ལ་མ་བལྟོས་པར་བོད་ཀྱི་ལོ་རྒྱུས་ངོ་མ་ཞིབ་འཇུག་གི་དཔྱད་གཞིར་དེ་ཙམ་གྱི་མཁོ་ཕན་ཆེ་བའི་ལྟ་བ་གསལ་བརྟན་ཞིག་བཙུགས་ཐོག་ད་དུང་དུས་མཉམ་པའི་རྒྱའི་ཡིག་ཚང་དང་དེ་མིན་འབྲེལ་ཡོད་ཡིག་རིགས་གཞན་དག་སོགས་ཆ་རྐྱེན་དང་བསྟུན་པའི་དཔྱད་གཞི་རྒྱ་གང་ཆེ་འཚོལ་ཅི་ཐུབ་བྱས་ཏེ། བོད་ཀྱི་གནའ་རབས་ལོ་རྒྱུས་ཐོག་གི་རྩོད་གཞི་རྙོག་འཛིངས་ཅན་རྣམས་ལ་དངོས་ཐོག་བདེན་འཚོལ་གྱི་བརྟག་དཔྱད་ཞིབ་འཇུག་དང་འབྲེལ་ལོ་རྒྱུས་ཀྱི་བྱུང་བ་ངོ་མ་རིམ་བཞིན་ཇེ་གསལ་དང་། ཇེ་ཉེར་རྟོགས་ཐུབ་པ་བྱ་རྒྱུ་འདི་ཡང་བོད་རིག་པ་ཞིབ་འཇུག་གི་བྱ་གཞག་ནང་འདོར་ཐབས་མེད་པའི་ལས་འགན་གྱི་ཕྱོགས་ཤིག་ཡིན་སྙམ།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

མེད་ན་ལྟོགས་ཀྱི་དོགས་པས་བཟའ་བཏུང་གི་རྩོལ་སྒྲུབ།།ཡོད་ན་ཟད་ཀྱི་དོགས་པས་ཁེ་ཚོང་གི་འདུ་འགོད།།དོན་ཆུང་ལས་ལ་འབད་པའི་ཕྲེང་གོག་དེད་བགྲང་ནས།།

ཡུན་ཐུང་མི་ཚེ་ཕྲ་མོའི་ཕྲེང་ཐག་དེ་ཟད་སོང་།།

---དགེ་འདུན་ཆོས་འཕེལ།

གུང་ཁྲན་ཏང་ནི་སྤྱི་སེམས་ཆེ།།ཤེས་རབ་རྒྱ་མཚོ་བོད་སེམས་ཆེ།།བསྟན་ལ་ཞེན་ཆགས་དེ་བས་ཆེ།།སྟོན་པས་དགོངས་པའི་བྱིན་མཐུ་ཆེ།།གསོག་རུམ་ཆུང་བའི་སྙན་གྲགས་ཆེ།།འདོད་རྒུ་དར་བའི་དགའ་བ་ཆེ།།ཤེས་བྱའི་གནས་ལ་ཤེས་རབ་ཆེ།།འདྲིས་པའི་མི་ལ་མཛའ་གཅུགས་ཆེ།།རིགས་པས་བརྟགས་ན་འཐད་ཆ་ཆེ།།འགའ་རེས་བལྟས་ན་ང་རྒྱལ་ཆེ།།མང་པོས་བལྟས་ན་བློ་རྒྱ་ཆེ།།མཁས་པས་བལྟས་ན་འོད་ཁྱིམ་ཆེ།།བླུན་པོས་བལྟས་ན་ཕྱོགས་རིས་ཆེ།།བོད་ཀྱི་མི་ནི་དོགས་ཟོན་ཆེ།།ཏ་ལའི་སྡོང་བོ་ལོ་མ་ཆེ།།ཇིང་ཀིར་རྒྱལ་བོ་མངའ་ཐང་ཆེ།།ཤར་ནུབ་རྒྱ་མཚོ་རྦ་རླབས་ཆེ།།

---ཤེས་རབ་རྒྱ་མཚོ།

དགེ་སྡིག་གི་བདེ་སྐྱིད་སེམས་ལ་ཐུག།སྐྱེ་འཕགས་ཀྱི་མཆོག་དམན་སེམས་ལ་རག།

---ཚེ་ཏན་ཞབས་དྲུང་།

ཆོས་དེ་དང་དེ་འཆད་པ་ན་ངོ་བོ་དང་ལྡོག་ཟླ་ཅི་རིགས་པས་འཆད་པ་ནི།།མཁས་པའི་སྲོལ་ལ་ཁྱབ་ཆེའོ།།

---ཤེས་རབ་རྒྱ་མཚོ།

དངོས་པོ་རང་འབྲས་འབྱིན་པ་ལ།།གསོལ་བ་བཏབ་པས་ག་ལ་ཕན།།མ་ལ་གསོལ་བ་བཏབ་ཀྱང་བུ།།དུས་མ་ཡིན་པར་བཙའ་མི་ནུས།།

---དགེ་འདུན་ཆོས་འཕེལ།

རྫུན་གླེང་རྫོབ་བཤད་ཀྱིས་རྗེ་བླ་མའི་སྐུའི་བ་སྤུ་ཡང་མི་འགུལ་མོད། བྱི་ལོང་ས་བརྟོལ་གྱིས་ནམ་མཁའ་ལ་ཚད་གཞལ་བའི་ཕོ་ཚོད་ཡ་ང་བ་མང་དུ་སྣང་།

---ཤེས་རབ་རྒྱ་མཚོ།

མཐོང་ཐོས་དབང་པོའི་ཡུལ་དུ་མ་གྱུར་བར།།ཁྱིམ་གྱི་མལ་དུ་དཔྱད་པས་མི་ཤེས་པ།།

---དགེ་འདུན་ཆོས་འཕེལ།

སྔོན་བྱོན་དྲན་དབང་བཞེད་པ་མི་མཐུན་པའི།།ཆ་ཤས་ཕྲ་མོ་མཐོང་བ་ཙམ་ཉིད་ནས།།འགོག་པའི་སྦྱོར་བ་འབད་པས་ལྷུར་ལེན་ཅིང་།།རང་ལུགས་གཏོད་སོ་མེད་རྣམས་ངལ་བའི་རྒྱུ།།

---ཚེ་ཏན་ཞབས་དྲུང་།

ཀྱེ་མ་བླུན་པོ་རྡོ་འདྲ་བ།།གང་དུ་སུ་ཡིས་འདུལ་ཞེ་ན།།རིགས་པས་མ་ཡིན་དབྱུགས་པས་ཏེ།།བོང་བུའི་རྗེས་ལ་འབྲངས་པས་དགོངས།།

---ཤེས་རབ་རྒྱ་མཚོ།

འདོད་དང་མི་འདོ་སེམས་ཀྱི་ཁྱད་ཆོས་ཏེ།།   བསྒྱུར་དུ་བཏུབ་ཀྱང་སྤང་དུ་མེད་པ་ལགས།།

---དགེ་འདུན་ཆོས་འཕེལ།

མཐོང་ཐོས་ཐམས་ཅད་ལ་ཡིད་རྟོན་བཏུང་སྣོད་བཟེད་པ་དང་། མ་སྦྱངས་ཕལ་བའི་མྱོང་སྣང་རང་ག་པར་གྲུབ་པའི་མཐའ་འཆའ་བ་དེ་དག་ཀྱང་བཟང་པོར་མི་སེམས་སོ།།

---ཤེས་རབ་རྒྱ་མཚོ།

བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་ཁུངས་དག་ཅིག་བྱེད་བསམ་ན་ཐོག་མར་ཆེས་གནའ་རབས་ཀྱི་མི་རིགས་རིག་གནས་ངོ་མ་གང་དང་གང་ཡིན་ལ་ཤེས་རྟོགས་འཁྲུལ་བའི་དྲི་མ་དང་བྲལ་བ་ཞིག་རྙེད་པ་བྱ་དགོས་འདུག

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ཅི་སྡེ་ངེས་འབྱུང་སེམས་ཀྱི་རྩལ་རྫོགས་ན།།ཆུ་བོ་རགས་ཀྱིས་བཀག་ཀྱང་འཆོར་བ་ཉིད།།འོན་ཏེ་མི་འདོད་ཆོས་ཀྱི་ཁྲལ་བཀལ་ན།།ཕ་བོང་གྱེན་ལ་འདྲེན་པའི་ལས་འཇུག་འདྲ།།

---དགེ་འདུན་ཆོས་འཕེལ།

མི་ཁོམ་གནས་སུ་མ་སྐྱེས་དལ་བ་ཚང་།།ཆོས་ཀྱི་མཐུན་རྐྱེན་འཛོམས་པས་འབྱོར་བ་ལྡན།།དེ་ཡི་དགོས་པ་འབད་པས་མ་བསྒྲུབས་ན།།གླང་གི་བུ་ལས་སྨྲ་བ་ཙམ་གྱིས་འཕགས།།

---ཤེས་རབ་རྒྱ་མཚོ།

གཏམ་གསོང་པོར་སྨྲ་བ་གླེན་པ་དང་བློ་གཡོ་སྒྱུ་ཆེ་བ་སྒམ་བོར་བརྩི་བའི་འབྲོག་པའི་རྩྭ་ཐང་འདིར་རྨོངས་མུན་གྱི་ཤེས་རིག་ཤིན་ཏུ་དར་ཁྱབ་ཆེ་ནའང་། དེ་ག་ནི་མི་ཉུང་ཤས་ཤིག་གི་ཐར་ལམ་བགྲོད་པའི་ཐེམ་སྐས་དང་སྟོང་ཉིད་བསྒོམ་པའི་གདམས་ངག་ཅིག་རེད།

---དཔལ་དོན་གྲུབ་རྒྱལ།

མི་ཡི་གཤིས་ལུགས་ཁམས་དང་ལུས་སྟོབས་སོགས།།གང་ཡིན་ཐམས་ཅད་བུ་ཡི་རྒྱུད་ལ་འོང་།།དེ་བཞིན་ཕ་ཡི་གཤིས་ལུགས་ལུས་ཁམས་སོགས།།བུ་མོའི་རྒྱུད་ལ་ངེས་པར་འབྱུང་བ་ཡིན།།

---དགེ་འདུན་ཆོས་འཕེལ།

སྔར་བཤད་དང་གསར་བཤད་གང་ཡིན་ཀྱང་། དགག་བྱ་མེད་ལ་དགོས་པ་ཡོད་ན་ཁས་ལོས་ལེན། དགོས་པ་དང་ཁེ་ཕན་མེད་ན་བསྐྱུར་བར་འོས་སྙམ།

---དམུ་དགེ་བསམ་གཏན།

མནོག་ཆུང་ཚེ་འདིའི་བདེ་བ་ཙམ་གྱི་ཆེད་དུ་རྟེན་ཁྱད་པར་ཅན་འདི་འདྲ་བཀོལ་ཏེ་ཆུད་ཟོས་སུ་བཏང་ན་ཧ་ཅང་གྱོང་ཆེ་སྟེ། གསེར་གྱི་བུམ་པར་མི་གཙང་བ་བླུགས་པ་དང་། གོས་ཆེན་རིན་ཐང་བྲལ་བས་ཐལ་བ་ཕྱིས་པ་དང་དཔེ་མཚུངས།

---ཤེས་རབ་རྒྱ་མཚོ།

མི་རིགས་འདུ་ཤེས་ཞེས་པ་ནི། མི་སུ་དང་སུ་ཡིན་ཡང་རང་ཉིད་གང་དུ་གཏོགས་པའི་མི་རིགས་དེའི་ལ་རྒྱ་ཕན་ཁེ་བསམ་དཀྱིལ་དུ་བཅངས་པ་དེ་ཡིན། མི་རིགས་ཀྱི་འདུ་ཤེས་མཚོན་པའི་རྟགས་མཚན་གལ་ཆེན་ཞིག་ནི་རང་གི་མི་རིགས་ཀྱི་རིག་གནས་ལ་གལ་ཆེན་བྱེད་པ་དེ་ཡིན།

---དོར་ཞི།

བཟང་ངན་གཙང་བཙོག་རང་གི་རང་འདོད་ཙམ།།རང་འདོད་བྱ་བ་རྟག་ཏུ་བརྗེས་ནས་འགྲོ།དེ་ལ་རྩོད་ཤག་འགྱེད་པ་ཐང་རེ་ཆད།།དེ་ཡི་རྒྱུ་མཚན་འཚོལ་བ་ཉོན་རེ་མོངས།།

---དགེ་འདུན་ཆོས་འཕེལ།

ཆགས་སྡང་འཐེན་འཁྱེར་གྱི་དབང་དུ་མ་བཏང་བར་དཔྱད་གསུམ་རྣམ་དག་དྲང་པོའི་གྲོས་མཐུ་ལས་བདེན་པ་བདེན་ཐོག་ཏུ་ཆིས་ཀྱང་སྐྱེལ་བར་རིགས།།

---ཤེས་རབ་རྒྱ་མཚོ།

མ་མཐོང་ཕྱིར་ན་མེད་འཛིན་པ།།ཁྲོན་པར་ཞེན་པའི་རྐྱལ་རྩལ་ཅན།།དགུང་སྔོན་མཐའ་ཡི་རྒྱུས་གཏམ་གྱིས།།དྲན་པ་སྟོར་བའི་བྱུང་བ་ཡོད།།

---དམུ་དགེ་བསམ་གཏན།

ཇི་ལྟར་དངོས་པོའི་གཤིལ་ལ་ཉེ་གྱུར་པ།།དེ་ལྟར་མཁས་པའི་ཚིག་ནི་ལྐུག་འགྱུར་བས།།རང་བཞིན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན།།སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་བཤད།།

---དགེ་འདུན་ཆོས་འཕེལ།

རྒྱལ་ཁབ་དང་མི་རིགས་ལ་སྙིང་ཐག་པ་ནས་ཤ་ཚ་བའི་སྐྱེས་བུ་དམ་པ་དྲག་ཞན་བར་མ་ཚང་མས་རང་རང་ལ་ནུས་པ་ཅི་ཡོད་དང་། སྟོབས་ཅི་ཡོད་ཀྱིས་རིག་གཞུང་སྤེལ་བའི་ཚོགས་འདུ་མ་ཚུགས་པ་འཛུགས་པ་དང་། བཙུགས་ཟིན་གནས་པ་དང་། རྒྱ་ཆེར་སྤེལ་བའི་བྱ་གཞ་ལེ་ལོར་མ་ཤོར་བ་གཟི་བརྗིད་བླ་ན་མ་མཆིས་པའི་རྒྱན་གྱི་མཆོག་ཏུ་འཆར་བར་མཛོད་མཛོད

---ཤེས་རབ་རྒྱ་མཚོ།

སྤྱིར་སྔོན་རབས་ནས་བརྒྱུད་པའི་སྲོལ་རྙིང་བ་རང་གཞན་ལ་ཕན་པ་མེད་པ་ཞིག་ཡིན་ན་ལུགས་དང་མཐུན་པའི་སྒོ་ནས་བཅོས་ཤིང་བསྒྱུར་ན་དེ་ལ་བཟང་ཆ་ཡོད་ན་མ་གཏོགས་ངན་ཆ་ཞིག་ཡོད་དོན་མེད། ཚུལ་འདི་ནི་ཆོས་དང་འཇིག་རྟེན་གང་ལའང་གནའ་སྔ་མོ་ནས་ཡོད་མྱོང་བ་ཡིན།

---ཚེ་ཏན་ཞབས་དྲུང་།

སྐྱེས་བུ་མཆོག་དམན་གྱི་ཁྱད་པར་ནི། རང་དོན་འབའ་ཞིག་སེམས་པ་དང་། གཞན་དོན་རྒྱ་ཆེན་པོ་དང་དུ་ལེན་པའི་སྐྱོན་ཡོན་འདི་གཉིས་ཁོ་ནས་འབྱེད་དགོས།

---ཤེས་རབ་རྒྱ་མཚོ།

འཇིག་རྟེན་དུ་སྐྱེས་པའི་མི་ཐམས་ཅད་ལ་རང་ལ་བབས་འོས་ཀྱི་ལས་ཀ་རེ་རེ་སྔོན་ལས་ཀྱིས་བྱིན་པ་བཞིན་ཡོད་པ་ལས། ཕྲན་གྱི་ལས་བསྐོས་ནི་འདི་ག་རང་འདུག་པས། རྒྱལ་ཁམས་ཉུལ་ནས་མི་ཚེ་ཐོས་པ་ལ་བསྐྱལ་བ་ཞིག་ལགས། དེའི་འབྲས་བུ་ཡང་གླེགས་བམ་ཞིག་ཏུ་བསྐྱལ་བ་ཞིག་ལགས། འཆད་ཉན་སོགས་ཀྱིས་གཞན་ཕན་སྒྲུབ་པ་ཚེ་འདི་ལ་རེ་བ་དང་། འགྲུབ་པ་གཉིས་ཀ་དཀའ་སྙམ།

---དགེ་འདུན་ཆོས་འཕེལ།

དབང་ཡོད་མེད། དབང་ཡོང་ལུགས། རང་གཞན་གྱི་དོན་བྱེད་ཚུལ། ཕན་གནོན་གང་ཡིན། དེ་འབྱུང་བའི་རྒྱུ། ལོངས་སྤྱོད་སྒྲུབ་ཐབས། ཕན་བདེ་སྤེལ་སྟངས། དགྲ་འདུལ་གཉེན་སྐྱོང་། ཆོས་འཇིག་རྟེན། ལྟོ་གོས་འཚོལ་ལུགས་སོགས་རང་གིས་ཞིབ་མོར་མ་ཤེས་ན། ཚེ་འདི་དང་ཕྱི་མའི་བྱ་བ་ཇི་ལྟར་བྱེད་སོམས་ཤིག

---ཤེས་རབ་རྒྱ་མཚོ།

མིག་གིས་མཐོང་བ་དང་རྣ་བས་ཐོས་པ་ཁོ་ནས་ཐག་གཅོད་དགོས་པ་ཞིག་ལས། ཤེས་པས་མཁས་པར་འགྲོ་བ་དང་། མ་ཤེས་པས་བླུན་པོར་འགྲོ་བ་ཞིག་ནི་མ་ཡིན་ན་ཡང་། འོལ་ཚོད་ཀྱིས་སྨྲས་ན་རྫུན་དུ་འགྲོ་བ་ནི་སྨྲ་མི་དགོས་ལ། དེར་མ་ཟད་སྐབས་འགར་གནད་ཆེན་པོ་རེ་གོ་བ་དང་། ནོར་བའི་སྐྱོན་དུ་སོང་བའང་མང་བས། ཇི་ལྟ་བ་བཞིན་ཤེས་པ་ཞིག་བྱུང་ན་ནི་ཅིས་ཀྱང་དོན་ཆེན་པོར་འགྱུར་ངེས།

---དགེ་འདུན་ཆོས་འཕེལ།

ཆགས་སྡང་གི་དགྲ་འདུལ་གཉེན་སྐྱོང་དུད་འགྲོས་ཀྱང་ཤེས། དེ་ཙམ་མིའི་བྱ་བ་གང་ནས་ཡིན།

---ཤེས་རབ་རྒྱ་མཚོ།

བདག་ལ་ཡང་ཤེས་རབ་ཅན་འགའ་ཞིག་ལ་གོ་བ་ཨེ་སྐྱེས་སྙམ་པ་ལས། ཁ་འཛིན་གྱི་ཨུ་ཚུགས་ཀྱིས་བཟློག་པའི་རེ་བ་ཞིག་ག་ལ་མཆིས་ཏེ། ཨུ་ཚུགས་ནི་རང་ཉིད་མ་ངལ་ན་ཅི་ཙམ་འདོད་པའི་བར་དུ་བྱེད་ནུས་པས་སོ།།

---དགེ་འདུན་ཆོས་འཕེལ།

ཤེས་རབ་ཡོད་ན་གཏམ་གྱི་འགྲོས་གཅིག་གིས་ཡངས་པའི་ས་ཆེན་པོ་བདེ་བླག་ཏུ་གཅོད་པར་ནུས།

---ཤེས་རབ་རྒྱ་མཚོ།

སྔོན་བྱོན་འཇིག་རྟེན་མིག་གྱུར་མཁས་མང་གིས།།ལེགས་པར་གཏན་ཕབ་བྷོ་ཊའི་ཡི་གེ་ལ།།གང་དག་སྐྱོན་འཛིན་ཉེས་རྡུལ་སློང་མཁན་རྣམས།།རང་ཤོང་སྐྱིབས་སུ་བདེ་བར་ཉལ་ན་མཛེས།།

---ཚེ་ཏན་ཞབས་དྲུང་།

བོད་ཀྱི་གཏམ་དཔེ་ཁག་གཅིག་ནི། སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་སྔ་རབས་ཀྱི་སྒྲུང་དང་ངོ་མཚར་ཅན་གྱི་གཏམ་རྒྱུད་ལ་སོགས་པའི་སྙིང་པོ་གནད་བསྡུས་བྱས་པ་ཞིག་ཡིན།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

རོ་དང་མཚུངས་པའི་ལུས་པོ་འདི།།ག་དུས་ཤི་ཡང་མི་འགྱོད་དེ།།གསེར་དང་མཚུངས་པའི་རྣམ་དཔྱོད་དག།མཉམ་དུ་ཤི་ན་ཤིན་ཏུ་ཕངས།།

---དགེ་འདུན་ཆོས་འཕེལ།

དེང་སང་དུས་དབང་དང་ངན་ཤན་གྱིས་མི་ཕལ་ཆེར་ཞིག་ལྟོ་གོས་གཏམ་གསུམ་ཆང་དང་ཆགས་བྲོར་གཡེ་བ་མི་ཚེའི་སྙིང་བོར་རློམ་ཞིང་། སྤྱི་དོན་གཞུང་དོན་སོགས་ཉི་མ་འཕུད་ཐབས་ཙམ་བྱས་ནས་དུས་འདའ།

---དོར་ཞི།

གྱོན་ཆས་སྣ་ཚོགས་གྱོན་ཞིང་མགོ་སྐྲ་རིང་བོ་འཇོག་མཁན་གྱི་ན་གཞོན་དར་མ་ཚང་མ་མཐའ་གཅིག་ཏུ་ངན་པར་བརྩི་མི་རུང་།

---དཔལ་དོན་གྲུབ་རྒྱལ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060