གནས་ཡུལ། མདུན་ངོས།  ༄༅།།བསླབ་བྱའི་སྡེ།
 
 
༄༅།།བསླབ་བྱའི་སྡེ།
སྤེལ་དུས། 2009-06-04 ཡོང་ཁུངས་། རྩོམ་པ་པོ།
     རྒན་པ་རྣམས་གྲྭ་ཚང་གི་སྲོག་རྩ། བར་མ་རྣམས་གྲྭ་ཚང་གི་གཞུང་ཤིང་། གཞོན་པ་རྣམས་གྲྭ་ཚང་གི་རྗེས་སྐྱོང་ཡིན་ཡང་། རང་རང་གི་སྐལ་བར་བབ་པའི་ཁུར་དེ་མ་འདོར། བླ་མའི་སྲས། ཨ་མའི་བུ།

---ཤེས་རབ་རྒྱ་མཚོ།

ང་ཚོའི་མི་རབས་འདི་དག་སྔོན་བྱོན་མཁས་པ་ཚོའི་མདུན་ནས་གདོང་སྨད་དེ་འདུག་པ་ལས་མགྲིན་པ་གཟེངས་སུ་བསྟོད་མ་ཐུབ་པ་དང་། རིག་གནས་དར་སྤེལ་གྱི་ལྡོག་ཟླའི་སྐྱོན་ཡང་མི་འདོད་བཞིན་དུ་འཁུར་བ་ལས་གསར་བརྗེའི་བསམ་བློ་སྐྱེ་མ་ཐུབ།

---ཚེ་ཏ་ཞབས་དྲུང་།

ལོ་སྟོང་ཕྲག་གི་རིང་ལ་རྒྱལ་སྒོའི་ཕྱི་རུ་འགྲོ་མ་མྱོང་བའི་བོད་ཀྱི་སངས་རྒྱས་ཆོས་ལུགས། རིག་གནས་སོགས་ནུབ་གླིང་གི་རྒྱལ་ཁབ་མང་པོར་ས་ཁྱབ་རྡོ་ཁྱབ་ཏུ་དར་བ་སོགས་ཀྱིས་སྨད་འོས་ཀྱིས་སྐྱོན་མཚང་དང་། བསྟོད་འོས་ཀྱིས་དར་རྒྱས་གྲུབ་འབྲས་དུས་རབས་གང་ལས་ཀྱང་མང་བའི་དུས་རབས་ཉི་ཤུ་བ་འདི་མཇུག་རྫོགས་ནས་དུས་རབས་ཉེར་གཅིག་པར་འཇུག་པའི་མཚམས་འདིར། འདས་དུས་ཀྱི་ཤེས་བྱ་ཉམས་མྱོང་གོ་རྟོགས་སོགས་ཀྱིས་གཞིར་བྱས་ན་མ་འོངས་དུས་རབས་ཀྱི་མདུན་ལམ་དེ་ཇི་འདྲ་ཞིག་དང་རང་རེས་ཇི་ལྟར་འབད་དགོས་པ་སོགས་བསམ་བློ་ཕྲ་ཞིབ་ཏུ་གཏོང་བ་ནི་མི་ཚང་མས་བཤོལ་དུ་མེད་པའི་སྐབས་དོན་ཞིག་རེད།

---དོར་ཞི།

མི་རིགས་ཀྱི་རིག་གན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་གཙིགས་འཛིན་མི་བྱེད་པའམ་མཐོང་ཆུང་བྱེད་པ་ནི་རིག་གནས་དང་བསམ་བློ་སྟེང་ནས་ཆེས་ཆེར་རྗེས་ལུས་ཀྱི་རྟགས་ཡིན་ལ། རིག་གནས་ཀྱི་ཡོད་ཚད་དང་བསམ་བློ་སྟེང་ནས་ཇི་ལྟར་སྔོན་ཐོན་དུ་སོང་ན་དེ་ལྟར་མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་རིན་ཐང་ཤེས་ནས་བརྩི་མཐོང་ཇེ་ཆེར་འགྲོ་བ་ཡིན།

---དོར་ཞི།

ལོ་ངོ་ཁྲི་སྟོང་མང་བོའི་རིང་ལ། ལམ་ཕྲན་འདི་རྒྱ་ཇེ་ཆེར་དང་ཁོད་ཇེ་སྙོམ། ཁྱོན་ཇེ་ཡངས་སུ་གཏོང་མ་ཐུབ་པ་དེ་ནི་ང་ཚོའི་ངོ་ཚ་ཡིན་པ་ལས་གནའ་མིའི་གླེན་རྟགས་ག་ལ་ཡིན།

---དཔལ་དོན་གྲུབ་རྒྱལ།

རང་རེས་ལོ་རྒྱུས་ལ་ཞིབ་འཇུག་དང་འབྲེལ་གནའ་བཟང་དེང་སྤྱོད་དང་། སྙིགས་དོར་བཅུད་ལེན། རྫུན་སྤོང་བདེན་སྒྲུག་བཅས་ཀྱི་སྒོ་ནས་དཔྱད་པ་བྱ་རྒྱུ་འདི་ནི་ཐར་བ་དོན་གཉེར་གྱི་ཆོས་ལ་གནོད་པ་སྤུ་ཙམ་མེད་ལ། རྒྱལ་ཁབ་དང་མི་རིགས་རིག་གནས་བཅས་ལ་ཕན་པ་ཆེན་པོ་ཡོད་པ་ཞིག་ཡིན།

---ཆབ་སྤེལ་ཚེ་བརྟེན་ཕུན་ཚོགས།

གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་།།རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས།།དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།།སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟིན་མཛོད།།

---དགེ་འདུན་ཆོས་འཕེལ།

ད་ཆ་ང་ཚོ་ཕྱོགས་གང་ཅིའི་ཐད་ནས་སྔོན་ཐོན་གྱི་སྤུན་ཟླ་མི་རིགས་གཞན་པའི་རྗེས་སུ་ལུས་ཡོད་ལ། དེའི་རྒྱུ་རྐྱེན་གཙོ་བོ་ནི་རིག་གནས་སློབ་གསོའི་བྱ་བ་རྗེས་སུ་ལུས་པ་དེ་རེད། ང་ཚོར་རིག་པའི་གནས་ཆེན་པོ་ལྔ་དང་ཆུང་བ་ལྔར་གྲགས་པའི་མེས་པོ་རྣམས་ཀྱི་ཤུལ་བཞག་གི་རྒྱུ་ནོར་རིན་ཐང་བྲལ་བ་ཞིག་ཡོད་མོད། འོན་ཀྱང་ད་ཆ་ང་ཚོས་མེས་པོའི་ཤུལ་བཞག་གི་རྒྱུ་ནོར་དེ་དག་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་རྒྱུན་འཛིན་བྱེད་མི་ཐུབ་པ་དང་། ཡར་ངོའི་ཟླ་ལྟར་འཕེལ་བའི་དེང་རབས་ཀྱི་ཚན་རིག་རིག་གནས་ལ་ནི་དེ་བས་ཀྱང་ཆ་རྒྱུས་ལོན་མེད། བོད་རིགས་སྤུན་ཟླ་རྣམ་པ་ཚོ། མི་རིགས་གཞན་དག་མེ་ཤུགས་འཕུར་མདའ་ལ་བརྟེན་ནས་ཟླ་བའི་གོ་ལའི་སྟེང་བགྲོད་པའི་སྐབས་འདིར་ང་ཚོ་ད་དུང་མགྲིན་བཟང་བོང་བུའི་རིགས་ལ་བློ་ཡིད་ཚིམས་ནས་བསྡད་ན་དུས་ནམ་ཡང་སྔོན་ཐོན་མི་རིགས་ཀྱི་རྗེས་ཆོད་པའི་གོ་སྐབས་གང་ན་ཡོད། འོ་ན་ཇི་ལྟར་བྱ་དགོས་སམ། འདི་ནི་ལོ་རྒྱུས་ཀྱིས་ང་ཚོར་བཏོན་པའི་དྲི་བ་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བས་ང་ཚོར་བཏོན་པའི་རྒྱུགས་གཞི་གལ་ཆེན་ཞིག་ཀྱང་རེད།

---དཔལ་དོན་གྲུབ་རྒྱལ།

འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་ཡང་བདེ་སྐྱིད་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཤེས་རབ་ཡིན་ཏེ། རྒྱལ་ཁབ་ཆེ་ཆུང་། སྟོབས་འབྱོར་མངའ་ཐང་། དམག་ཤུགས་ཉུང་། ཚོང་གི་འཕེལ་འགྲིབ། ལོ་ཏོག་གི་འབབ་ཡོང་ཚུན་ཆད་ཀྱང་ཤེས་རབ་ཀྱི་རབས་ཆེ་ཆུང་དང་རགས་ཞིབ་ཀྱི་ཁྱད་པར་ལ་ཐུག

---ཤེས་རབ་རྒྱ་མཚོ།

མི་རིགས་རང་ཉིད་ཤེས་རབས་སྙིང་སྟོབས་ཀྱི།།ཡར་སྐྱེད་གོམ་པ་རང་སྤོས་མ་བྱས་པར།།གཞན་གྱིས་སྐྱོར་ཅིང་ལམ་ཁྲིད་ལ་བརྟེན་ན།།བསྐལ་བརྒྱར་འདས་ཀྱང་རྗེས་ལུས་ཉིད་ལས་མེད།།

---དོར་ཞི།

གཞན་གྱི་སྒྲོས་དང་འགལ་གྱིས་དོགས་པའི་ཞུམ་པ་ཆེར་བྱས་ཚེ། ཤེས་རབ་འཕེལ་ནུས་པའི་གོ་བ་ཡང་མི་སྐྱེད།།

---དགེ་འདུན་ཆོས་འཕེལ།

དེང་སང་གི་སློབ་གྲྭ་བ་ལ་ཆུང་དུས་ནས་རྒྱ་ཡིག་ལས་བསྒྱུར་བའི་སློབ་དེབ་སྟེང་ནས་བསླབས་པ་ཤ་སྟག་ཡིན་པས། དེའི་ཚིག་སྦྱོར་ལ་སྒྱུར་རྩོམ་གྱི་ཤན་ཡོ་སྟབས། བོད་རང་གི་མཁས་པས་བརྩམས་པའི་ཚིག་སྦྱོར་བུང་བའི་གཤོག་སྒྲ་ལྟ་བུའི་སྙན་ཆ་དེ་གཏན་ནས་མེད། དེའི་ཕྱིར་ལད་མོ་བྱེད་ས་དེ་འཆུག་མི་ཉན། འདི་ཧ་ཅང་གལ་ཆེན་གཅིག་རེད།

---ཚེ་ཏན་ཞབས་དྲུང་།

རང་རེ་གངས་ཅན་མི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་རིག་གནས་ཀྱི་ལོངས་སྤྱོད་ཕྱུག་པ་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་ཀྱང་གྲགས་ལ། བདེན་ཡང་བདེན་མོད། འཇིག་རྟེན་སྤྱིའི་དར་རྒུད་འཕོ་འགྱུར་གྱི་གནས་ཚུལ་ལ་མ་ལྟོས་པར། མེས་པོ་རྣམས་ཀྱི་ཤུལ་བཞག་དངོས་རྫས་ཡོད་ཁུལ་གྱིས་རང་མཐོང་ང་རྒྱལ་གྱིས་ཉལ་བསྡད་ན་མི་འགྱངས་པར་གཞན་གྱི་གྱང་རྩ་དང་ཟས་ལྷག་ལ་བརྟེན་པའི་སྤྲང་པོར་འགྱུར་བར་ཐེ་ཚོམ་མེད།

---དོར་ཞི།

རྣམ་ཀུན་གཞན་སྐྱོན་ཚོལ་བ་ལས་རང་སྐྱོན་ཚོལ་བ་བདེ་སྐྱིད་ཀྱི་མན་ངག་ཟབ་མོ་ཡིན། དེའི་སྒོ་ནས་རང་ཉིད་སྐྱེས་བུ་མཆོག་ཏུ་འགྱུར་བ་ལ་དཀའ་ཚེགས་མེད། ཉིན་རེ་ཞག་རེ་ཡིན།

---ཤེས་རབ་རྒྱ་མཚོ།

འདས་ལམ་ཕྲ་མོར་ཞེན་པ་འཆིང་བ་སྟེ།།མདུན་ལམ་ཡངས་པོར་དམིགས་གཏོད་གྲོལ་བ་ཡིན།།ལོ་རྒྱུས་པོ་ཏི་སྟོང་ཟོས་འཆིང་བ་སྟེ།།མངོན་འགྱུར་ཆོས་ཉིད་གཅིག་ཤེས་གྲོལ་བ་ཡིན།།

---དོར་ཞི།

ལང་ཚོའི་དཔལ་གྱིས་སྙེམས་པའི་རང་རིགས་བློ་ལྡན་གཞོན་ནུ།།ཚན་རིག་ལག་རྩལ་ལ་སོགས་ཡོན་ཏན་ཤེས་བྱ་མེད་ན།།གཞུང་རྒྱུད་དྲང་བ་ཁོ་ནས་དོན་ཆེན་འགྲུབ་པར་དཀའ་བས།།ད་ནས་བཟུང་སྟེ་ཁྱོད་ཀྱང་ཡོན་ཏན་སྦྱོང་བར་འབུངས་ཤིག།

---དཔལ་དོན་གྲུབ་རྒྱལ།

སེམས་ཅན་མཐའ་མེད་ཕྱིར་ན་རྣམ་རྟོག་ཀྱང་མཐའ་མེད།།བཤད་བཤད་རྗེས་སུ་འབྲང་ན་རང་ཕོངས་ལས་འོས་མེད།།ཡུལ་འཁོར་རིག་གནས་ལོ་རྒྱུས་ཆ་རྐྱེན་ལ་བསམ་ན།།གང་ལ་གང་འཚམ་ཕན་བདེ་ལམ་བཟང་ཞིག་བཙལ་དགོས།།

---དོར་ཞི།

ལོ་བརྒྱར་སྐྱེས་པའི་སྡོང་སྐམ་ཐབ་ཁུང་གི་ཁ་ཟས།།ཞག་གཅིག་སྐྱེས་པའི་མེ་ཏོག་གསེར་བུམ་གྱི་ཁ་རྒྱན།།མི་སྐྱེས་ཐོབ་པའི་རིན་ཐང་མི་ཡུལ་དུ་བསྡད་པའི།།དུས་ཀྱི་རིང་ཐུང་སྟེང་ནས་གཅོད་རྒྱུ་ཞིག་ཡིན་ནམ།།

---དོར་ཞི།

ཡོན་ཏན་ཅན་དེ་ཇི་ལྟར་འཐོབ་ན། མཚན་ཉིད་དང་ལྡན་པའི་དགེ་རྒན་ནི་བསྟེན་དུ་ཡོད། སློབ་མ་རང་ལ་དབང་བོ་རྣམ་ལྔ་ནི་ཚང་། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ནི་ཡོད། ང་རྒྱལ་ཕྲག་དོག་ཁེངས་དྲེགས་ནི་མེད། ཤེས་འདོད་ཀྱི་དོན་གཉེར་སྐོམ་པ་ཆུ་འདོད་ལྟ་བུ་ཞིག་ཡོད་ན་དེ་ལ་ཡོན་ཏན་འགོ་ངེས་ཡིན། དེའི་ནང་གི་གཅིག་མ་ཚང་ན་ཡང་ཐོས་བསམ་བྱེད་པའི་བར་ཆད་དུ་འགྲོ།

---ཚེ་ཏན་ཞབས་དྲུང་།

ཞྭ་ཏོག་གསལ་ཡང་སྙིང་ཁོ་མུན་འཐོམས་ཀྱི་དཔོན་པོ།།ཟ་འོག་གོས་ཅན་ཕྱི་མཛེས་ནང་སྟོང་གི་མཁས་པ།།འ་འུར་མདོ་མེད་བྱ་བས་ཚེ་སྐྱེལ་གྱི་མདོ་མེད།།ཡ་རབས་སྤྱི་ཚོགས་འདིའི་ནང་མདུན་ལམ་ནི་ཐུང་ངོ་།།

---དོར་ཞི།

ར་བ་དོག་པོར་རང་བློ་མ་བཅིངས་པར།།ལ་ལུང་ཀུན་ཏུ་ཤེས་རྒྱ་བསྐྱེད་ན་བཟང་།།ཤ་དང་གླ་བ་རི་ལུང་མ་ཉུལ་བར།།ས་གཅིག་བཟུང་བས་ནུས་པ་ཉམས་ཤེས་གྲགས།།

---དོར་ཞི།

མི་ཞིག་ཚད་ལྡན་ཡིན་དང་མིན་གྱི་ཚད་གཞི་དེ་མི་དེ་ལ་རྒྱབ་སྐྱོར་བྱེད་མཁན་མང་ཉུང་ཐོག་ནས་བལྟ་རྒྱུ་མིན་པར། མི་དེས་བཤད་བའི་སྐད་ཆ་དེ་དང་བསམ་བློ་དེ་དངོས་ཡོད་གནས་ཚུལ་དང་མཐུན་ན་མི་དེ་ཚད་ལྡན་ཡིན་པ་དང་། དེ་མིན་ན་ཚད་ལྡན་མིན།

---དུང་དཀར་བློ་བཟང་འཕྲིན་ལས།

མང་ཚོགས་ལམ་ཕྱོགས་དང་མཐུན་པའི་དགོངས་དོན་ལྟར་མང་ཚོགས་ཀྱི་ཁ་ན་སྔར་ཡོད་ཀྱི་དངོས་རྫས་དང་། གསར་ཐོན་གྱི་དངོས་རྫས་ལ་མིང་ཚིག་བརྗོད་བདེ་ཞིང་མིང་དོན་མཐུན་པ་མང་དུ་ཡོད་པ་དེ་དག་ལ་རྩར་གཅོད་དང་བེད་སྤྱོད་བྱས་ན་བཟང་།

---ཚེ་ཏན་ཞབས་དྲུང་།
  
བོད་ཀྱི་རིག་གཞུང་མ་དྲོས་རྒྱ་མཚོའི་ཟླ།།བོད་མིན་མི་རིགས་གཞན་དང་ཕྱི་རྒྱལ་གྱིས།།བོད་ལས་འབུམ་འགྱུར་ཤུགས་བསྐྱེད་སྦྱོང་བའི་ཚེ།།བོད་རིགས་རང་གིས་ཡལ་བོར་ངོ་རེ་ནོངས།།

---དོར་ཞི།

ཤ་ཚ་བའི་གཏམ་གྱི་བསླབ་བྱ་ལ།།བཀའ་བཀྱོན་དུ་གོ་ན་བླུན་པོ་ཡིན།།མཁྲིས་ནད་ལ་ཕན་པའི་ཏིག་ཏའི་སྨན།།ལྕེ་ཁ་ཁ་ཟེར་ན་བླུན་པོ་ཡིན།།

---ཚེ་ཏན་ཞབས་དྲུང་།

གོམས་གཤིས་ཀྱི་ལུང་ཁུག་དོག་མོའི་རྐང་ལམ་ཕྲ་མོར་བྲང་འགྲོས་ས་འབྱར་བྱེད་པའི་ཚུལ་སྤངས་ཏེ། མཁའ་ལྡིང་གི་གཤོག་ཟུང་གཡར་ནས་མཁའ་དབྱིངས་མཐོན་པོར་སོང་ནས་མར་ལྟོས་ན། སྔར་གྱི་མཐོང་སྣང་ཐམས་ཅད་བན་བུན་སབ་སིབ་ཅིག་ཏུ་འགྱུར་ནས་ས་གཞི་ཆེན་པོའི་བྱད་དབྱིབས་གསར་བ་ཞིག་སྤྱན་ལམ་དུ་མངོན་པར་བསྟན་ནས་འོང་ངོ་།།

---དོར་ཞི།

དེང་དུས་གཞན་གྱི་ལད་ཟློ་ཚིག་གི་སྒྲོམ།།ཡོད་མིན་མེད་མིན་ཡིན་ཡིན་མིན་མིན་དང་།།བརྟགས་ན་འཐོར་ཞིག་བྱེ་མའི་རི་བོ་མང་།།བྱིས་པ་འདྲོད་པའི་ཟློས་གར་ཁོ་ན་ཡིན།།

---ཤེས་རབ་རྒྱ་མཚོ།

གང་ལ་ཡང་སྙིང་བོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ཁ་ལ་མ་ཉན་པར་རིག་པའི་འཚོལ་བའི་ལམ་དུ་འཇུག་པར་གྱིས་ཤིག

---དགེ་འདུན་ཆོས་འཕེལ།

བརྩེ་བ་ཆེན་པོས་འགྲོ་བ་སྐྱོང་།།བརྩོན་པ་ཆེན་པོས་གཞུང་དོན་སྒྲུབ།།གུས་པ་ཆེན་པོས་རྒྱལ་ཁབ་བཀུར།།དེ་ལ་སྐྱེས་བུའི་ཁྱུ་མཆོག་ཟེར།།

---ཤེས་རབ་རྒྱ་མཚོ།

དེང་སང་ཤེས་བྱའི་རིག་གནས་ཚན་རིག་ལག་རྩལ་གང་ཡང་འཕེལ་ཚད་ཧ་ཅང་མྱུར་བས། ལོ་སྔ་མའི་ཤེས་བྱ་ལོ་ཕྱི་མར་རྙིང་ནས་དོར་བྱར་གྱུར་བ་དང་། ཉིན་སྔ་མའི་བསམ་ཚུལ་ལྟ་ཚུལ་ཉིན་ཕྱི་མར་དུས་ཡོལ་ནས་ནོར་འཁྲུལ་དུ་གྱུར་བ་ཡང་མང་།

---དོར་ཞི།

འདི་ལ་གཞན་དང་མི་མཉམ་པའི།།ཆོས་ཡོད་སྙམ་པ་ང་རྒྱལ་མིན།།རྣམ་དཔྱོན་མཆིས་ན་གསེར་དང་ནི།།བོང་བ་ནམ་ཡང་མི་སྙོམས་ཞུ།།

---ཤེས་རབ་རྒྱ་མཚོ།

ཤེས་རབ་ཉི་མ་འབར་བའི་འོད་སྣང་གིས།།ཚན་རིག་རིག་གནས་གནམ་སའི་ཁྱོན་འགེངས་པ།།འཇིག་རྟེན་བདེ་སྐྱིད་འདྲེན་པའི་བླ་ན་མེད།།དེ་ཕྱིར་འབད་འབུངས་མཛོད་ཅིག་གྲོགས་པོ་དག།

---ཤེས་རབ་རྒྱ་མཚོ།

བློ་མ་ཕམ།གསར་སྐྱེས་ཀྱི་གཞོན་ནུ།རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པ་བདེན་དུ་ཆུག་ཀྱང་། ཞལ་ལྕེ་དགའ་གསུམ་དང་འདར་གསུམ་ཡོད་པས། ཁྱེད་ཀྱི་བློ་ཅི་ལ་ཕམ།

---དཔལ་དོན་གྲུབ་རྒྱལ།

ཀྱེ་མ་ཀྱི་ཧུ་ཨ་ལ་ལ།།བཤལ་རིང་ལམ་གྱི་རྟོག་དཔྱོད་ལས།མདུན་གྱི་དོང་ལ་ལྟ་བ་གནད།།འདི་ཡང་རྨོངས་པའི་བྱེད་ལས་ཏེ།།ཤེས་བྱའི་སྤུ་རིས་ཕྲ་ཞིབ་ལ།།ལེགས་ཉེས་བླང་དོར་མ་ཕྱེད་ནོངས།།

---ཤེས་རབ་རྒྱ་མཚོ།

བདེ་བ་མྱོང་བ་དེ་ཡང་དོན་ཆུང་མིན།།རིགས་རྒྱུད་བསྐྱེད་པ་དེ་ཡང་དོན་ཆུང་མིན།།

---དགེ་འདུན་ཆོས་འཕེལ།

ཀུན་སློ་རྣམ་དག་དང་། ལེགས་པར་ཉན་པ་དང་། ཉན་པའི་ཚིག་དོན་མི་བརྗེད་པར་འཛིན་པ་གསུམ་མ་ཚང་ན་འཆད་ཉན་དོན་མེད་དུ་འགྱུར།

---ཤེས་རབ་རྒྱ་མཚོ།

བླ་མའི་གསུང་གི་བདུད་རྩི་དད་པས་འཐུངས་ན་ཆོས་ཀྱི་སྐལ་བ་མངོན་པར་མཐོ།

---ཤེས་རབ་རྒྱ་མཚོ།

དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མར་ཉིན་མཚན་ཀུན་དུ་ཉམས་སུ་བླངས།།ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས།།

---ཚེ་ཏན་ཞབས་དྲུང་།

ཤེས་རབ་ཡོད་ན་ཕྱོགས་གང་ནས་ཀྱང་གནད་ཆེན་པོ་རེ་རྙེད་ནུས་པས། ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པ་འདི་གཉིས་ཀ་ཡང་རྣམ་དཔྱོད་ཀྱི་ལམ་མ་ཡིན་ནོ།།

---དགེ་འདུན་ཆོས་འཕེལ།

བསྟོད་སྨད་ཕྲ་མའི་རླུང་གིས་སྐད་ཅིག་ལ།།བྱ་སྤུ་ལྟ་བུར་གཡོ་བའི་སྐྱེ་བོ་དེ།།དམ་པས་མི་ཡི་རྩིས་སུ་མི་འདེབས་པས།རང་ལ་གཅེས་ན་ལྷུན་པོའི་དཔེ་ལྟར་མཛོད།།

---ཤེས་རབ་རྒྱ་མཚོ།

ཏ་རེ་ཏོ་རེའི་ཡུལ་སྐད་ཟུར་ཆག་རྣམས།།ཐ་ཐོར་ཡི་གེའི་ལམ་དུ་སྤེལ་དྲགས་ན།།ད་གཟོད་ཕན་ཚུན་གོ་བརྡ་མི་འཕྲོད་ལ།།ན་མར་འཐེན་རྩོད་ཀླད་ཀ་ཟམ་མི་ཆད།།

---ཆབ་སྤེལ་ཚེ་བརྟན་ཕན་ཚོགས།

མཐོལ་བསོད་ནམས་ཆེ་ཞེས་ཡི་རང་གྱིས།།དམན་ལ་སྙིང་རེ་རྗེ་ཞེས་བྱམས་སྐྱོང་བྱ།།མཉམ་ལ་བདག་དང་མཛ་ཞེས་མཐུན་པར་འགྲོགས།།དེ་ནི་རྫོགས་ལྡན་དཔལ་འབྱོར་བསུ་བའི་གཉེན།།

---ཤེས་རབ་རྒྱ་མཚོ།

མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ།།རང་མགོ་བསྐོར་བའི་གོས་ཀྱིས་མི་གཡོགས་པ།།འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་འཚལ།།

---དགེ་འདུན་ཆོས་འཕེལ།།

ཁ་ཉུང་ཁོང་ཟབ་གཞན་གྱིས་ཚོད་མི་ལོན།།དེ་ལས་ལྡོག་ན་སྡེར་མའི་གཏོར་མར་འགྱུར།།བྱ་བ་གང་ལའང་བརྟག་དཔྱད་ཕྲ་ཞིབ་ཏུ།།བཏང་ན་སྨྲ་བ་རྒན་པོའི་ཚད་དུ་འོས།།

---ཤེས་རབ་རྒྱ་མཚོ།

སྐྱོན་གྱི་ནང་ནས་རང་སྐྱོན་མི་ཤེས་པ་ནི་སྐྱོན་ཆེ་ཤོས་ཡིན་ལ། སྐྱོན་སྤངས་ཤིང་ཡོན་ཏན་སྤེལ་བ་ལ་མཁས་པ་ཟེར་བ་ཡིན་པས། མི་རིགས་ཀྱི་སྤྱི་དོན་ཕྱོགས་ལ་ཡང་འདི་གལ་ཆེ་བར་སྣང་ངོ་།།

---དོར་ཞི།

སྨད་པས་འདུལ་ན་སྨད་པས་ལམ་དུ་གཅུན།།བསྟོད་པས་འདུལ་ན་བསྟོད་པས་དགེ་བར་འཛུད།།དོན་མེད་མི་ལ་ཧར་པོའི་རྩུབ་ཚིག་སྤོངས།།དེ་ནི་ལེགས་ལམ་ཡངས་པོར་བརྡལ་བའི་རྩལ།།

---ཤེས་རབ་རྒྱ་མཚོ།

སུ་ཞིག་གཙུག་ལ་རྒྱ་མཚོའི་འཇིངས་བརྒལ་ཏེ།།ལྔ་རིག་རིན་ཆེན་གླིང་དུ་བགྲོད་ན་དེས།།ཐོག་མར་སློབ་དཔོན་སྨྲ་རྗོད་དག་པའི་དྲུང་།།ཡིག་ཀློག་ཕྲལ་སྦྱར་བྱང་བར་སློབ་པ་གཅེས།།

---ཚེ་ཏན་ཞབས་དྲུང་།།

རང་ཅག་རང་གི་མདུན་ན་དངོས་སུ་སྣང་བར་བྱར་ཡོད་རྣམ་གཞག་ལ་ཞུགས་ན་ཆེས་ཤིན་ཏུ་ཕན་པ་ལགས་ཀྱི། སྣོད་བཅུད་ཀྱི་ཁྱད་པར་ལྐོག་ཏུ་གྱུར་བ་དག་གིས་མིག་མཐོང་ལག་བཟུང་གི་རྒྱུ་མཚན་དུ་མ་སོ་སོ་སྐྱེ་བོས་ཨུ་ཚུགས་ཀྱིས་བསྒྲིགས་པ་དོན་མི་ཆེའོ།།

---ཤེས་རབ་རྒྱ་མཚོ།

པ་སངས་ལྟ་བུའི་གྲགས་པ་ཐོབ་གྱུར་ཀྱང་།།ཕ་རོལ་ཕྱི་མའི་སོ་ཚིས་མ་སྒྲུབ་ན།།བ་ལང་དུད་འགྲོའི་བུ་དང་ཁྱད་མེད་པ།།

---དགེ་འདུན་ཆོས་འཕེལ།

ཁ་ལ་གཏམ་དང་ལག་ལ་བྲིས།།བློ་ལ་འཆར་སྒོའི་སྟོབས་འབར་བ།།དེ་ཡིས་བྱ་བ་ཅི་བྱས་ཀྱང་།།ཆུ་ཀླུང་རི་ནས་འབབ་པ་འདྲ།།

---ཤེས་རབ་རྒྱ་མཚོ།

ཤ་དར་ཁྲག་དར་དུས་སུ།།ཡོན་ཏན་ནོར་བུ་བསགས་དགོས།།ཡོན་ཏན་མེད་པར་རྒས་དུས།།ཡོན་ཏན་མེད་པར་རྒས་དུས།།ཁྱི་རྒན་སྒོ་ཉལ་འདྲའོ།།

---དམུ་དགེ་བསམ་གཏན།

རང་ལ་ལྟ་བའི་ངོ་ཚ་མེད།།གཞན་ལ་ལྟ་བའི་ཁྲེལ་བག་མེད།།གནད་ལ་གཏུགས་པའི་སྙིང་སྟོབས་མེད།།མེད་གསུམ་ཚང་བ་འདི་རེ་བརྗིད།།

---ཤེས་རབ་རྒྱ་མཚོ།

བྲི་བའི་ལས་ལ་ལག་རྩལ་ཆུང་།།འགྲོ་བའི་ལས་ལ་རྐང་རྩལ་ཆུང་།།བསམ་པའི་ལས་ལ་བློ་རྩལ་ཆུང་།།འདི་དག་འདོད་པའི་ཕྱོགས་དང་རིང་།།

---ཤེས་རབ་རྒྱ་མཚོ།

རང་ཚོད་རང་གིས་ཟིན་ན།།དུས་རྣམས་ཀུན་དུ་དགེའོ།།ཚོད་མེད་མགོ་རྒྱལ་གྱུར་ན།།ནམ་ཞིག་གཡང་སར་ལྷུང་ངོ་།།

---དམུ་དགེ་བསམ་གཏན།

གཞན་ལ་སྐྱོན་གྱི་ཁྲག་ཆར་འབེབས།།རང་ལ་ཤོག་བུའི་རྒྱལ་མཚན་སྒྲིག།དོན་ལ་བདེན་རྫུན་མི་དཔྱོད་པར།།གསོབ་ལ་གཡེང་བས་ནོར་འཛིན་དཀྲིགས།།

---ཤེས་རབ་རྒྱ་མཚོ།

ཆུ་ཡི་ཉ་མོའི་ལག་ལེན་ཆུ་ལ་ཟབ།།གང་གིས་མྱོང་བ་དེ་ལ་རྒྱུས་སུ་ཆེ།།

---དགེ་འདུན་ཆོས་འཕེལ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060