གནས་ཡུལ། མདུན་ངོས།  ༄༅།།དམངས་སྲོལ་གྱི་སྡེ།
 
 
༄༅།།དམངས་སྲོལ་གྱི་སྡེ།
སྤེལ་དུས། 2009-06-04 ཡོང་ཁུངས་། རྩོམ་པ་པོ།
       རང་གཅེས་པ་སྲིད་པའི་བྱིང་རྡོ་ཡིས།།   གཞན་གཅེས་པ་འཁོར་བ་དོང་སྦྲུགས་ཡིན།

---ཚེ་ཏན་ཞབས་དྲུང་།།

ཐམས་ཅད་ཁོང་དུ་སྦེད་པ་ཟབ་མོར་རློམས།།ཀུན་ལ་དོགས་པ་ཟ་བ་གྲུང་པོར་བྱེད།།རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།།གསར་བ་ཐམས་ཅད་བདུན་ཀྱི་འཕྲུལ་དུ་སེམས།།ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས།།ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཊ་ཡིས་སྲོལ།།འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ།།

---དགེ་འདུན་ཆོས་འཕེལ།

ཤ་ཟ་བ་ཙམ་གྱིས་གཅན་གཟན་དུ་འགྱུར་མི་རུང་བ་དང་། གདོང་དམར་བ་ཐམས་ཅད་སྤྲེའུའི་རིགས་ག་ལ་ཡིན།

---དཔལ་དོན་གྲུབ་རྒྱལ།

གནའ་སྲོལ་དཔའ་བོ་ལ་རྒོད་ཀྱི་སྒྲོ་དང་། སྡར་མ་ལ་ཁྭ་ཏའི་སྒྲོ་འདོགས་པའི་སྲོལ་ཡང་ཡོད། ཕྱིང་ཞྭ་གྱོན་པ་དང་། མགོ་ལ་བྱ་སྒྲོ་འཛུགས་པའང་བོད་ཀྱི་ལུགས་ཡིན་པ་བཤད་མ་དགོས།

---དམུ་དགེ་བསམ་གཏན།

གནའ་སྲོལ་ལ་མེས་པོའི་བང་སོའི་མཐའ་འཁོར་དུ་རུས་རྒྱུད་དེའི་མི་རབས་རྗེས་མ་རྣམས་ཀྱི་པུར་ཁང་རྩིག་སྲོལ་ཡོད་པ་ནི་ལྷོ་ཁར་གནས་པའི་བཙན་པོའི་བང་སོ་ཆགས་ཚུལ་ལས་ཀྱང་ཤེས་ནུས་པ་དང་། ད་དུང་ཆེས་གནའ་རབས་སུ་བོད་ཀྱི་བཙན་པོའི་བང་སོར་དུར་སྲུང་ནང་བློན་སོགས་བྲན་འཁོར་ཉུང་ཤས་འཇོག་པ་དེ་དག་ལ་གཤིན་པོའི་རྟགས་བཏབ་ནས་ཚེ་གང་དུར་ས་དེ་གར་སྡོད་དགོས་པ་དང་། ཁོང་ཚོའི་འཚོ་ཐབས་ཇི་ལྟར་བྱེད་པ་ལ་སོགས་པའི་ལོ་རྒྱུས་རྒྱལ་པོ་བཀའ་ཐང་ནང་སྲོང་གི་བང་སོ་ཇི་ལྟར་མཆོད་པ་ཞེས་པའི་ལེའུར་ཞིབ་ཏུ་འཁོད་པ་ལྟར་དུར་སྲུང་བློན་འབངས་དེ་རྣམས་ཡུལ་དུ་ལོག་མི་ཆོག་པས་མཐར་འཆི་བའི་ཚེ་བཙན་པོའི་བང་སོའི་མཐའ་འཁོར་དུ་དུར་ས་འདེབས་དགོས་པ་ནི་གོར་མ་ཆག་སྟབས། དེ་གར་བང་སོ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་བྱུང་བའི་ངང་ཚུལ་ཡང་རིམ་བཞིན་གསལ་རྟོགས་ཐུབ་པ་ཡོང་སྲིད་སྙམ་མོ།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།
 
འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་།གྲོང་པ་རྣམས་ལ་མར་ཁུ་འཐུང་བ་སོགས།།མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད།།འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད།།གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག།ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག།མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག།

---དགེ་འདུན་ཆོས་འཕེལ།

མི་རིགས་ཟེར་བ་དང་མི་རིགས་ཀྱི་རིག་གནས་ཟེར་བ་དང་། མི་རིགས་ཀྱི་སྒྱུ་རྩལ་ཟེར་བ་སོགས་ལ་དོན་སྟེང་ན་མི་རིགས་ཀྱི་འཇོག་བྱེད་ཅིག་མེད་པར་མི་རིགས་ཞེས་པའི་མིང་སྟོང་པ་ཙམ་བཏགས་ན། རི་བོང་ལ་རྭ་མེད་བཞིན་དུ་རི་བོང་རྭ་ཞེས་བརྗོད་པ་དང་མི་མཚུངས་སམ། དོན་གྱི་སྟེང་གི་མི་རིགས་ཀྱི་དེ་མི་རིགས་གཞན་དང་མ་འདྲེས་པར་འབྱེད་བྱེད་ཀྱི་ཐུན་མོང་མ་ཡིན་པའི་རང་མཚན་གྱི་ཁྱད་ཆོས་ཤིག་དགོས།

---དོར་ཞི།

བོད་མི་རྣམས་ཀྱི་མདུན་དུ་དཀའ་བ་ཞིག་སླ་བར་བཏང་སྟེ་བཤད་ན་མཁས་པའི་གཟི་བརྗིད་འཆོར་ཞིང་། རང་གིས་ལྕོགས་ཚད་ཀྱི་རྫུན་ངོ་མཚར་ཅན་སྨྲས་ནས། དེ་དང་ད་དུང་ཕར་ལ་ཕུགས་ཁུང་ནག་ཟིང་ངེ་བ་མི་གཞན་གྱི་རྫུན་ཀྱང་འགྲོ་ས་ཡོད་པ་ཞིག་ཀྱང་བྱས་ན་ཁམས་པའི་ཆོ་ལོ་སྟེར་བ་ཡིན།

---དགེ་འདུན་ཆོས་འཕེལ།

འཇིག་རྟེན་གྱི་མིའི་རིགས་ཀྱིས་རང་གིས་རང་ཉིད་དམར་གསོད་བྱེད་པའི་མདའ་མདུང་མཚོན་ཆ་ལ་སོགས་པ་བགྲང་ལས་འདས་པ་ཞིག་བཟོས་ཡོད་པར་མ་ཟད། ད་དུང་རང་གི་གྲོགས་པོ་དང་། རང་གི་སྤུན་ཟླ། རང་གི་བློ་མཐུན་གྱི་ལ་རྒྱ་དང་རྐང་ལག་འཁྱིག་བྱེད་ཀྱི་འཆིང་ཐག་འདི་ལྟ་བུ་ཞིག་ཀྱང་གསར་གཏོད་བྱས་ཡོད་པ་རེད།

---དཔལ་དོན་གྲུབ་རྒྱལ།

རིག་གནས་མི་བསླབ་ཟོག་ཁྱུར་སྡོད་ལ་དགའ།།ལས་དོན་མི་སྒྲུབ་སྨྱོ་ཆུ་འཐུང་ལ་དགའ།།རང་ཚུགས་མི་ཟིན་ཧ་པའི་རྗེས་འགྲོ་བ།།མི་རིགས་སྤྱི་དོན་རྫོབ་པའི་ལྟས་ངན་ཡིན།།

---དོར་ཞི།

རྙིང་ཞེན་གྱི་མཁའ་དབྱིངས་འདིར། བག་ཆགས་ཀྱི་ཆུ་འཛིན་ལང་ལོང་གཡོ་བ་དང་། བག་འཁུམ་གྱི་གློག་ཞགས་ཤིག་ཤིག་ཏུ་འཁྱུགས་པ་ལྟར་སྣང་ཡང་། སྔོན་ཐོན་གྱི་སྦྲང་ཆར་ཟིམ་ཟིམ་དུ་འཇོག་པའི་སྐལ་བ་ནི་ཕྲ་ཙམ་གདའ།

---དཔལ་དོན་གྲུབ་རྒྱལ།

ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སོར་ཆོས་ཀྱི་ལས་སུ་སོང་བས། སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས། སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང་། སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་དུ་ཡོད།

---དགེ་འདུན་ཆོས་འཕེལ།

ཐག་པ་འདི་དེ་ཆད་ན་ལེགས་མོད་ཀྱང་།ཐག་པ་ཆད་པར་འཇིག་རྟེན་ཐམས་ཅད་སྐྲགས།།ཐག་པས་འབྲེལ་བའི་ཐབས་ལའ་འབད་པ་ནའ།།ཐག་པའི་སྣེ་ཀུན་ཚེ་མ་དཀྲིས་པར་མཐོ།ཚེར་མའི་རྩེ་མོ་རེ་རེ་འགོག་སླད་དུ།ཤེས་རིག་ལས་ཀྱི་རྣམ་གྲངས་རེ་རེ་བསླབ།དེས་ན་ཚེར་མ་འགོག་པའི་ཁྲལ་ལས་འདི།མ་ཤིའི་བར་དུ་བྲེལ་བས་བྱེད་པར་ཟད།ཚར་མེད་སྤང་དུ་མེད་པའི་བྲེལ་བ་འདི།ཀུནད་ཀྱི་སྐྱེ་བ་བླངས་པའི་དོན་སྒོར་སྣང་།

---དགེ་འདུན་ཆོས་འཕེལ།

བུད་མེད་མི་འདོད་སྐྱེས་པ་སུ་ཞིག་མཆིས།།སྐྱེས་པ་མི་འདོད་བུད་མེད་སུ་ཞིག་མཆིས།།ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ།།ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་མོས།།

---དགེ་འདུན་ཆོས་འཕེལ།

རང་རེའི་འཚོ་བའི་ནང་དུ། རང་ཉིད་ལོ་ན་རྒན་པ་དང་། ཕོ་སྒོ་དང་མོ་སྒོ་ཅུང་ཟད་ཡོད་པ། ཡང་ན་ཁ་བདེ་བ་དང་ལྕེ་མགྱོགས་པ། བློ་རྣོ་ཞིང་རིག་ལམ་ཅུང་མྱུར་བ། མདོར་ན་གཞན་ལས་ལྷག་པའི་དགེ་མཚན་དང་བཟང་ཆ་ཕྲན་ཙམ་ཡོད་ན། དེ་ང་རྒྱལ་གྱི་མ་རྩར་བརྩིས་ཏེ་གཞན་ལ་སྨ་འབེབས་དང་ཟུར་ཟ། འཕྱ་དམྱོད་སོགས་བྱེད།

---དགེ་འདུན་ཆོས་འཕེལ།

གཟུགས་ཀྱི་ནང་ན་མཛེས་པའི་མཐར་ཐུག་པ།།སྐྱེས་པའི་མིག་ལ་བུད་མེད་གཟུགས་ཡིན་ཅིང་།།བུད་མེད་མིག་ལ་སྐྱེས་པའི་གཟུགས་ཡིན་ཏེ།།འདི་ལས་ལྷག་པའི་མཛེས་པ་ངས་མ་མཐོང་།།སྒྲ་ཡི་ནང་ན་སྙན་པའི་མཐར་ཐུག་པ།།སྐྱེས་པའི་ནང་ན་སྙན་པའི་མཐར་ཐུག་པ།།བུད་མེད་རྣ་བར་སྐྱེས་པའི་སྒྲ་ཡིན་ཏེ།།འདི་ལས་ལྷག་པའི་སྙན་པ་གང་ཡང་མེད།།

---དགེ་འདུན་ཆོས་འཕེལ།

འཁྲིག་པ་སྤངས་ན་མི་ཡི་འཇིག་རྟེན་ཁམས།།སྐད་ཅིག་ཙམ་ལ་ངེས་པར་སྟོང་འགྱུར་ཞིང་།།མི་ཡི་སེམས་ཅན་མེད་ན་དགེ་སློང་དང་།།སངས་རྒྱས་བསྟན་པ་དེ་ལས་ག་ལ་འོང་།།རྒྱན་དྲུག་མཆོག་གཉིས་རྒྱ་གར་ཡུལ་དུ་བྱོན།།སྟོན་པ་གཤེན་རབ་འོལ་མོ་ལུང་དུ་འཁྲུངས།།   ཏཱ་མིང་རྒྱལ་བོ་རྒྱ་ནག་མཁར་དུ་སྐྱེས།།  དངོས་པོའི་འབྱུང་ས་གང་ཡིན་བཤད་མི་དགོས།།

---དགེ་འདུན་ཆོས་འཕེལ།

དམར་མཆོད་ནི་གནའ་རབས་ཀྱི་མི་ཚོས་གཙོ་བོ་ལྷ་སྲུང་དཔང་དུ་བཙུགས་ཏེ་བྲོ་གནའ་བོར་བའི་སྐབས་ཀྱི་ལྷ་གསོལ་ཡུལ་གོམས་ཤིག་ཡིན།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

སྤྲང་པོའི་མི་ཡིས་གསེར་ལ་སྣ་གཉེར་བྱེད།།ལྟོག་པའི་མགྲོན་གྱིས་ཟས་ལ་མཆིལ་མ་འདེབས།།ཀུན་གྱིས་ཁ་ནས་སྨོད་པ་འདི་ཡིན་ཀྱང་།།

ཀུན་གྱིས་སེམས་ནས་དགའ་བ་འདི་ཉིད་ཡིན།།

---དགེ་འདུན་ཆོས་འཕེལ།

རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས།།ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།།མེད་དུ་མི་རུང་བ་ནི་བུད་མེད་ཡིན།།ལུས་ཀྱི་ནང་ནི་ཀུན་ཀྱང་གཙོག་པ་ཉིད།།ཕྱི་རོལ་གཡོགས་པའི་པགས་པ་ཀུན་ལ་ཡོད།།མི་ལ་གཙང་གཙོག་མང་དུ་ཕྱེས་པ་དེ།།ཕུགས་སུ་གཏུག་ན་མུ་སྟེགས་ཆོས་ལུགས་ཡིན།།

---དགེ་འདུན་ཆོས་འཕེལ།

 

གོར་གཅིག་འདོར་ཡང་བདེ་བ་འཚོལ་ཕྱིར་ཏེ།།ཚིག་གཅེས་སྨྲ་ཡང་བདེ་བ་འཚོལ་ཕྱིར་སྨྲ།།དགེ་བའི་ལས་ཀྱང་བདེ་བའི་སླད་དུ་བྱེད།།སྡིག་པའི་ལས་ཀྱང་བདེ་བའི་སླད་དུ་བྱེད།།

---དགེ་འདུན་ཆོས་འཕེལ།

འཇིག་རྟེན་འདི་ནི་རང་བཞིན་ཐ་དད་ཅིང་།།སེམས་དང་འཆར་སྒོ་མཐུན་དུས་མི་འོངས་པས།གཞན་གྱིས་སྨོད་ལ་གཞན་གྱིས་བསྟོ་བྱེད་ཅིང་།།འགའ་ཡིས་གཙང་ལ་གཞན་གྱིས་བཙོག་པར་རྩི།།

---དགེ་འདུན་ཆོས་འཕེལ།

ལར་ཞྭ་སྣེ་རིང་འདིའི་དབྱིབས་དང་རྩེ་མོའི་རྣོ་ཆ་ལྕགས་ཀྱུའི་དབྱིབས་སུ་གནས་པ་སོགས་གང་ལ་བལྟས་ཀྱང་སྔགས་བོན་གྱི་ཞྭ་ཞིག་ཡིན།

---དགེ་འདུན་ཆོས་འཕེལ།
  
མ་བཅོས་སྣང་བ་སྐྱོང་བའི་བླུན་པོ་དང་།།བཅོས་མའི་རྣམ་རྟོག་སློང་བའི་མཁས་པ་གཉིས།།མི་མཐུན་ལམ་གྱི་མདོ་ནས་གྱེས་པ་དེ།།ལམ་གསུམ་མཐའ་ལ་སླར་ཡང་མཇལ་བར་མཆི།།

---དགེ་འདུན་ཆོས་འཕེལ།
   
མ་བཅོས་སྣང་བ་སྐྱོང་བའི་བླུན་པོ་དང་།།བཅོས་མའི་རྣམ་རྟོག་སློང་བའི་མཁས་པ་གཉིས།།མི་མཐུན་ལམ་གྱི་མདོ་ནས་གྱེས་པ་དེ།།ལམ་གསུམ་མཐའ་ལ་སླར་ཡང་མཇལ་བར་མཆི།།

---དགེ་འདུན་ཆོས་འཕེལ།
 
དམག་དཔོན་སོགས་ཀྱི་རྨོག་གི་རྩེ་ལ་རྔ་མ་དང་། སྒྲོའི་ཕྲུ་འཛུགས་པ་བོད་དུ་ཡང་ཤས་ཆེར་དར་བར་མངོན་ནོ། དེའི་ཕྱིར་བྱ་ཕྲུ་འདི་ཆེས་གནའ་བོའི་དུས་སུ་བྱུང་བའི་རྒྱན་ཞིག་ཡིན།

---དགེ་འདུན་ཆོས་འཕེལ།

རང་རེ་རྣམས་ཀྱི་ཡོན་ཆབ་ཀྱི་སྲོལ་ཇོ་བོ་གྱོན་ནས་བོད་ཀྱི་ཆུ་གཟིགས་ཏེ་གསར་དུ་མཛད་པ་འདྲ་བ་ཞིག་བཤད་མོད། དོན་ལ་རྒྱ་གར་ལ་སྔ་མོ་ནས་དར་བ་མངོན།

---དགེ་འདུན་ཆོས་འཕེལ།

སྔོན་ཨུ་རུ་སུའི་ཡུལ་དུ་ཡེ་ཤུ་མ་ཤི་ཀའི་ཆོས་མ་སླེབས་ཀྱི་སྔོན་ཁོང་རྣམས་ཀྱང་སྤྲིན་དང་ཐོག་གི་ལྷ་ལག་ན་རྡོ་རྗེ་ཐོགས་པའི་དབང་བོ་ལ་སྐྱབས་སུ་བྱེད་པ་ཡིན།

---དགེ་འདུན་ཆོས་འཕེལ།

རང་རེའི་སྒྲུང་ཡིག་ཆེན་པོ་ལ་བལྟས་ནས་གེ་སར་འདི་འདྲ་ཞིག་ཡིན་ནོ་ཞེས་ཐག་ཆོད་མི་ནུས་སུ་ཆུག་ཀྱང་། རྩོམ་པ་པོ་ཁམས་དང་། ཨ་མདོའི་འབྲོག་པ་དེ་ཚོའི་སྐད་ལུགས་འདི་འདྲ་རེད། སྤྱོད་ལམ་དང་། བཟའ་བཏུང་འདི་འདྲ་རེད། བསམ་བློ་འདི་འདྲ་རེད་སོགས་ལེགས་པར་གོ་ནུས་པ་ཡིན་ནོ།།

---དགེ་འདུན་ཆོས་འཕེལ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060