གནས་ཡུལ། མདུན་ངོས།  ༄༅།།རྩོམ་རིག་གི་སྡེ།
 
 
༄༅།།རྩོམ་རིག་གི་སྡེ།
སྤེལ་དུས། 2009-06-03 ཡོང་ཁུངས་། མཁས་པའི་ཞལ་གདམས། རྩོམ་པ་པོ།


          དེང་རབས་རྩོམ་གྱི་ལྷ་ལམ་ངོར།།
སྒྱུ་རྩལ་འཕུར་མདའ་བགྲོད་པའི་ཚེ།།བསྟོད་པའི་བོང་བུ་ལ་ཞོན་ནས།།མཁའ་ལ་འཕུར་འདོད་ངལ་བའི་རྒྱུ།།

---དཔལ་དོན་གྲུབ་རྒྱལ།།

རང་རེའི་རྩོམ་ཡིག་ལ་ལ་ཞིག་ལ་བརྗོད་བྱའི་སྲོག་མེད་པ་དང་། ཡོད་པའི་དབང་དུ་བཏང་ན་ཡང་སྲོག་ཕྲ་མོ་ཞིག་ལས་མི་འདུག་པས། གཞེན་སྐུལ་གྱི་ནུས་པ་ངང་ངམ་ཤུགས་ཀྱིས་ཉམས་པ་དང་། མི་རྣམས་ཀྱི་བསམཔའི་བློ་སྒོ་འབྱེད་མི་ཐུབ་པར་མ་ཟད། ལབ་བརྡོལ་ཚིག་གི་ཉོག་སྙིགས་ཙམ་ལས་འཐོབ་བྱ་ཅི་ཡང་མེད།

---དཔལ་དོན་གྲུབ་རྒྱལ།

ན་གཞོན་ཚོ་དམིགས་ཡུལ་དུ་བཟུང་ནས་གོ་སླ་བའི་ཚིག་སྦྱོར་མཚན་ཉིད་དང་ལྡན་པ་སྤེལ་ཅི་ཐུབ་བྱས་ན་གངས་ཅན་རིག་གཞུང་གི་རྒྱུན་མི་ཉམས་དར་རྒྱས་སུ་འགྲོ་བའི་ཐབས་མཆོག་ཏུ་གྱུར་བ་ཞིག་རེད།

---ཚེ་ཏན་ཞབས་དྲུང་།

རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱའི་ནང་གི་སྣང་བརྙན་གང་ཞིག་ཡིན་ན་ཡང་། རྩོམ་པ་པོའི་ལྟ་བ་དང་དགའ་སྡང་སོགས་རྣམ་འགྱུར་ངེས་ཅན་དང་འབྲེལ་ཡོད་ལ། རྩོམ་པ་པོའི་ལངས་ཕྱོགས་དང་། འཇིག་རྟེན་ལྟ་ཚུལ། འཚོ་བའི་ཉམས་མྱོང་། རིག་གནས་ཀྱི་ཆུ་ཚད་ལ་སོགས་པར་འབྲེལ་བ་དམ་པོ་ཡོད་པས་རྩོམ་པ་པོའི་བསམ་བློའི་ཕྱོགས་ལྷུང་གི་དྲི་མས་མ་གོས་པའི་སྒྱུ་རྩལ་གྱི་སྣང་བརྙན་ཟེར་བ་ཞིག་གཏན་ནས་མེད།

---དཔལ་དོན་གྲུབ་རྒྱལ།

སྙན་ངག་གི་རྩོམ་ཡིག་ནི་ཐོག་མར་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་ནས་བྱུང་བ་དང་། སྤྱི་ཚིགས་ཀྱི་འཚོ་བ་དངོས་དེ་མི་རྣམས་ཀྱི་བསམ་བློར་འཆར་བའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་པ་མ་གཏོགས། རྩོམ་པ་པོ་སུ་ཞིག་གིས་རང་ཉིད་ཀྱི་སྐྱེས་ཐོབ་ཤེས་རབ་ལ་བརྟེན་ནས་གློ་བུར་དུ་གསར་གཏོད་བྱས་པ་ཞིག་མིན།

---དུང་དཀར་བློ་བཟང་འཕྲིན་ལས།

ད་ལྟ་རང་རེའི་སྤྱི་ཚོགས་དང་། རང་རེའི་དུས་རབསརང་རེའི་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པའི་སྙན་ངག་གི་བསྟན་བཅོས་གསར་བ་ཞིག་རྩོམ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་ལས་འགན་ཞིག་ཡིན་པས། ང་ཚོའི་རེ་བ་དེ་བློ་ལྡན་རྣམ་དཔྱོད་ཅན་རྣམས་ལ་བཅོལ་ཡོད།

---དཔལ་དོན་གྲུབ་རྒྱལ།

མི་རིགས་ཀྱི་རྩོམ་རིག་ནི། མི་རིགས་རང་གི་རིག་གཞུང་གི་ཤ་ཁྲག་ལས་ཆད་པའི་མཚན་ལྡན་བུ་ཆུང་ཞིག་སྟེ། ཕྱི་ནས་གཡར་བའི་བུ་དོད་དང་། ལམ་ནམ་རྙེད་པའི་བུ་ཚབ་མིན་ལ། ཕྱི་ཡི་ཆ་ལུགས་ཙམ་བཟུང་བའི་བུ་རྫུས་ཡང་གཏན་མིན་ནོ།།

---དོར་ཞི།

རང་རེའི་མཁས་པ་རྣམས་ཀྱིས་བསྒྱུར་བའི་སྙན་ངག་གི་བསྟན་བཅོས་དང་། བརྩམས་པའི་སྙན་ངག་གི་རྩོམ་པ་མང་པོ་ཞིག་ཡོད་པར་མ་ཟད། ད་དུང་སྙན་ངག་གི་དཔེར་བརྗོད་ཀྱང་བགྲང་གིས་མི་ལང་བ་ཞིག་ཡོད་ཀྱང་། གོ་བདེ་ཞིང་རྟོགས་སླ་བའི་སྙན་ངག་གི་རྩོམ་པ་མང་བོ་ཞིག་གསར་དུ་བསྐྲུན་མ་ཐུབ་པར་སྣང་། དེའི་རྒྱུ་མཚན་གཙོ་བོ་ནི་སྔོན་ཆད་ཀྱི་རྩོམ་རིག་དང་སྙན་ངག་གི་ཞབས་འདེགས་ཞུ་ཡུལ་དེ་རྒྱ་ཆེ་བའི་བོད་རིགས་མི་དམངས་མང་ཚོགས་ཀྱི་ཐོག་ཏུ་མ་བཞག་པར། རིག་གནས་ཀྱི་ཆུ་ཚད་ཡོད་པའི་ཤེས་ཡོན་ཅན་གྱི་རིམ་གྲས་ཁོ་ནའི་སྟེང་དུ་བཞག་པའི་རྐྱེན་་གྱིས་རེད། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་ཁོང་ཚོའི་རྩོམ་པ་ལ་སློབ་སྦྱོང་བྱེད་མི་ཐུབ་པ་དང་གོ་བའང་ལེན་དཀའ་བར་གྱུར་བས། རང་རེའི་རྩོམ་རིག་གི་ནང་ཚན་སྙན་ངག་དང་བོད་རིགས་མི་དམངས་བར་གྱི་འབྲེལ་བ་དེ་ཇེ་རིང་ཇེ་རིང་དུ་གྱུར་བའི་གནས་ཚུལ་བྱུང་བ་རེད།

---དཔལ་དོན་གྲུབ་རྒྱལ།

བསྟོད་པ་བྲིས་ན་ལོས་ཆོག་ཀྱང་།།ཧ་ཅང་བསྟོད་པ་ཐལ་ཆེ་ན།།གང་གཱའི་ཆུ་བོ་རྒྱ་མཚོར་བཞིན།།སྨན་པའི་བ་ཚྭར་ངེས་པ་འགྱུར།།

---དཔལ་དོན་གྲུབ་རྒྱལ།

ལྷུག་རྩོམ་འབྲི་སྲོལ་ནི་རང་རེ་ལ་གནའ་སྔ་མོ་ནས་ཡོད་མོད། འོན་ཀྱང་དེང་རབས་ཀྱི་དུས་དང་མཐུན་པ། མི་རིགས་རང་གི་ཁྱད་ཆོས་ཀྱང་ཡོད་པའི་ལྷུག་རྩོམ་ནི་དཀོན་ལ། བརྗོད་བྱ་དང་རྗོད་བྱེད་ཤིན་ཏུ་ལེགས་པའི་ལྷུག་རྩོམ་ནི་དེ་བས་ཀྱང་དཀོན།

---དཔལ་དོན་གྲུབ་རྒྱལ།

ལོང་བ་དག་ལ་སྤྱན་སྟོང་ཅན།།འཐེང་བོ་ལ་ནི་མགྱོགས་འགྲོ་ཞེས།།བསྟོད་ཚིག་མེ་ཏོག་རབ་གཏོར་ཀྱང་།།ཞིབ་ཏུ་དཔྱད་ན་སྙིང་བོས་དབེན།།

---དཔལ་དོན་གྲུབ་རྒྱལ།

ཀ་བའི་མངོན་བརྗོད་རྩོམ་གྱི་ཁང་བཟང་འདི།།ཀ་ནས་བཟུང་སྟེ་བོད་ལ་དར་ན་ཡང་།།ཀ་བ་གདུང་ལྕམ་མེད་པའི་ཚོམས་ཁང་སོགས།།ཀ་ཡེ་དེང་རབས་དུས་ཀྱི་ཁྱད་ཆོས་ཡིན།།

---དཔལ་དོན་གྲུབ་རྒྱལ།

ཚིག་གི་སྡེབ་སྦྱོར་སྙན་ཞིང་བརྗིད་པ་གླུ་དབྱངས་ཀྱི་ཁྱད་ཆོས། དོན་གྱི་རང་མཚན་སྣང་བརྙན་དུ་ཤར་བ་ནི་མོའི་ཁྱད་ཆོས། གནས་ལུགས་ཟབ་མོ་སྟོན་པ་ལྟ་བའི་ཁྱད་ཆོས། ཚིག་ཉུང་ལ་གནད་འདུས་པ་རིན་ཆེན་རིལ་བུའི་ཁྱད་ཆོས། བསམ་དོན་ཁོང་དུ་སྦེད་པ་ན་ཆུང་མིག་ཟུར་གྱི་ཁྱད་ཆོས། ཡིད་འགྱུར་གྱི་ནུས་པ་ཐོན་པ་ལྷའི་བྱིན་རླབས་ཀྱི་ཁྱད་ཆོས་སོགས་ཚང་བ་སྙན་རྩོམ་ལེགས་ཤོས་སུ་བརྩི་བ་ཡིན།

---དོར་ཞི།

གསར་རྩོམ་གྱི་བྱེད་ཐབས་ཤིག་ཆགས་པར་བྱེད་ན། མི་རབས་གཅིག་གམ་མི་རབས་དུ་མས་ཐུན་མོང་གི་རྩོལ་བ་ལ་བརྟེན་དགོས་པ་ཞིག་རེད།

---དཔལ་དོན་གྲུབ་རྒྱལ།

འཇིག་རྟེན་ལྟ་ཚུལ་ལ་བསྒྱུར་བཀོད་བྱེད་རྒྱུ་ནི་རྩོམ་པ་པོ་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་ལས་འགན་ཞིག་རེད།

---དཔལ་དོན་གྲུབ་རྒྱལ།

རྩོམ་པ་པོའི་བཅོས་མ་མ་ཡིན་པའི་གདུང་སེམས་བྲག་སྲུབས་ནས་ཐོན་པའི་བཀོད་མའི་ཆུ་ལྟར། ཚིག་དང་ཡིག་འབྲུའི་བར་ནས་ལྷོག་ལྷོག་འཕྱུར་བའི་ཉམས་ཐོན།

---དོར་ཞི།

བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་དཔྱད་བརྗོད་དང་བགྲོ་གླེང་འཁྲུག་པོ་ཞིག་རིམ་བཞིན་གོང་འཕེལ་བྱུང་ན་ཅི་མ་རུང་སྙམ།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

སྒྱུ་རྩལ་སྙན་ཚིག་ཁྱད་ཆོས་ནི།།དགའ་སྐྱོ་ཆགས་སྡང་ཁོང་ནས་བརྡོལ་བའི་རླབས།།རང་བྱུང་ལྷུན་གྲུབ་གདངས་སུ་འཕོས་པའི་དབྱངས།།ཡིད་ཀྱི་མཚོ་མོ་སྐྱོམ་བྱེད་བསྐལ་བའི་རླུང་།།བརྗོད་འདས་ཞིང་དུ་རྣམ་ཤེས་འཕོ་བའི་ལམ།།

---དོར་ཞི།

བོད་སྔ་རབས་ཀྱི་རྩོམ་རིག ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་དར་ཏེ་ཡོང་བའི་བོད་ཀྱི་རྩོམ་རིག་ཙ་ན། སྔ་རབས་ཀྱི་རྩོམ་རིག་ཟེར།

---ཚེ་ཏན་ཞབས་དྲུང་།

མེ་ཏོག་འབུམ་ཕྲག་དཀྲིགས་པའི་དགའ་ཚལ་ལས།།ལ་ལས་གུར་ཀུམ་ལ་ལས་ཀུ་མུ་ད།།ལ་ལས་ཨུ་ཏྤལ་ལ་ལས་སེ་བ་འཐུ།།དགའ་ཞེན་བག་ཆགས་དབང་གིས་སོ་སོར་ཕྱེ།།

---དོར་ཞི།

 

རྩོམ་པ་པོའི་ཡོན་ཏན་དངོས་ནི། རང་གི་སྔ་མའི་བག་ཆགས་དང་རྩོམ་པ་པོའི་གཤིས་ལུགས་ལ་རག་ལས།

---དགེ་འདུན་ཆོས་འཕེལ།

སྤྱི་ལོ་༡༧༠༠ཡས་མས་ཙམ་ལ་ཏཱ་ལའི་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་མགུར་གླུ་བརྩམས་སྤེལ་གནང་བ་ནས་བཟུང་དམངས་ཁྲོད་ཀྱི་གཞས་ཚིག་ནང་དུའང་སྙན་ངག་ཚིག་རྒྱན་གྱི་རྩོམ་ཉམས་སྣ་ཚོགས་སྤྲོ་བའི་དར་སྲོ་ཁྱབ་གདལ་དུ་གྱུར།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

 

རྨོངས་པའི་གཉིད་ལས་སད་བྱེད་འབྲུག་གི་སྒྲ།།གཤིས་ངན་དུག་སྦྲུལ་ཚང་གཏོར་གནམ་ལྕགས་ཐོག།ཡ་རབས་སྣང་བའི་ལམ་སྟོན་ནམ་མཁའི་ནོར།།དགོངས་གཞིར་བྱས་པ་སྙན་རྩོམ་མཆོག་དུ་བསྔགས།།

---དོར་ཞི།

རྩོམ་རྩལ་ལ་སྦྱང་ན་སྙན་ངག་གི་དཔེར་བརྗོད་མ་གྱིས་མི་ཆོག དེའི་ཕན་ཆད་ནས་སྙན་ངག་གི་བསྟན་བཅོས་ཤིག་བརྩམས་ན་སྙན་ངག་ལ་སྦྱོང་བརྡར་འགྲོ་བ་ཡིན།

---ཚེ་ཏན་ཞབས་དྲུང་།

གལ་སྲིད་རང་ལ་ཕུན་སུམ་ཚོགས་པའི་སྐད་ཡིག་ཅིག་དང་ཆུ་ཚད་མཐོ་བའི་རྩོམ་རྩལ་ཞིག་མེད་ན། སྐབས་དེའི་སྔོན་ཐོན་ཡིན་པའི་རིག་གནས་དེ་དག་མི་རིགས་རང་ཉིད་ཅན་དུ་འགྱུར་ཐབས་མེད་པ་དེ་ཡིན།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

རང་རེ་རྣམས་ཀྱི་ད་ལྟའི་རྩོམ་ལུགས་འདི་ནི་རྒྱ་སྐད་བོད་དུ་བསྒྱུར་བ་རྣམས་ཀྱི་དབྱིབས་ཁོ་ནར་བྲིས་པ་ཡིན་ལ། དེ་རྣ་བར་འཇགས་འཇགས་ནས་གོ་བདེ་བར་སོང་བ་ཡིན་གྱི། བོད་སྐད་རང་གི་སྒྲིག་ཚུལ་ནི་མིན་པར་ངེས།

---དགེ་འདུན་ཆོས་འཕེལ།

སྦྲང་བུས་མེ་ཏོག་མང་པོའི་བཅུད་འཐུངས་ནས།།ཞིམ་མངར་སྦྲང་རྩི་སྐྱུག་པར་བྱེད་པ་བཞིན།།རྣམ་མང་ཤེས་བྱའི་དོན་ལ་ངེས་རྙེད་པ།།སྙན་རྩོམ་སྤུས་ལེགས་འབྱུང་བའི་དངོས་རྒྱུ་ཡིན།།

---དོར་ཞི།

རང་རེ་མི་རིགས་ཀྱི་རྩོམ་པ་པོ་རྣམས་ཀྱི་འོས་འགན་ནི། མི་རིགས་ཀྱི་རྩོམ་རིག་འདི་ཉིད་གཅིག་ནས་རྒྱུན་འཛིན་དང་གཉིས་ནས་འཕེལ་རྒྱས་གཏོང་དགོས་པ་དེ་ཡིན།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

སྙན་ངག་ནི་ཚིགས་བཅད་སྙན་ངག་གི་རྣམ་པ་ཙམ་དུ་མ་ཟད། ཚིག་ལྷུག་པ་དང་དེ་གཉིས་ག་སྤེལ་མ་ལའང་གོ་དགོས་ཞེས་ཁོ་བོས་སྨྲ་བར་སྤོབས།།

---དཔལ་དོན་གྲུབ་རྒྱལ།

བཙན་པོ་སྤུ་དེ་གུང་རྒྱལ་གྱིས་ཡབ་ཀྱི་སྐུ་མཚལ་གཉེར་ནས་མཁར་མྱང་རོ་ཤམ་པོ་ཕབ་སྟེ་ལོ་དམ་པོ་ཕབ་སྟེལོ་དམ་བརྒྱ་མོ་བརྒྱ་བཏུལ་བའི་དུས་སུ་བཞེས་པའི་མགུར་ཚིག་དེ་དག་ནི་ད་ལྟ་ང་ཚོས་ཤེས་པའི་བོད་ཀྱི་གནའ་བོའི་རྩོམ་རིག་སྔ་ཤོས་ཤིག་ཡིན་སྙམ།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ལ་ལའི་ཚིག་སྦྱོར་ཆུ་དྭངས་ཉ་མོ་བཞིན།།ལ་ལའི་ཚིག་སྦྱོར་ཆུ་རྙོག་རྡོ་མི་མཐོང་།།གབ་ཚིག་ལྟ་བུའི་དགོས་པ་གཞན་མེད་ན།།སྔ་མ་ཡོན་ཏན་ཕྱི་མ་སྐྱོན་དུ་བལྟ།

---དོར་ཞི།

བོད་མི་རིགས་ཀྱི་རྩོམ་རིག་དེ་ཆེས་གནའ་རབས་ཀྱི་མགུར་ཚིག་སྟབས་བདེ་དམ་དུམ་ཅན་ནས་རིམ་བཞིན་ད་ཡོད་སྙན་ངག་གི་བསྟན་བཅོས་ཆེན་པོའི་བར་འཕེལ་རྒྱས་སུ་གྱུར་བའི་ལོ་རྒྱུས་ནང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་སྲོལ་ཕུལ་དུ་བྱུང་བ་རྣམས་རྒྱུན་འཛིན་བྱས་ཡོད།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

སྤྱི་ཚོགས་ཀྱི་འཚོ་བ་དངོས་ནི་སྙན་ངག་སོགས་རིག་རྩལ་རྩོམ་རིག་གི་ཐོག་མའི་འབྱུང་ཁུངས་དང་དཔྱད་གཞི་ཡིན་ལ། དེས་རྩོམ་པ་པོའི་བསམ་བློར་དྲན་སྐུལ་དང་གསང་བར་སྤྲད་པའི་འབྲས་བུར། སྤྱི་ཚོགས་ཀྱི་འཚོ་བའི་ནང་གི་དཔེར་མཚོན་འོས་པའི་མི་དང་བྱ་བ་། དངོས་པོ་སྣ་ཚོགས་ཀྱི་འཆར་སྣང་ངེས་ཅན་ཞིག་སྐྱེས་པ་དེ་ནི་རྩོམ་རིག་གི་བརྗོད་བྱའི་ནང་དོན་ཡིན་པས། དེ་ལ་སྙན་ངག་གི་སྲོག་ཟེར་བ་ཡིན།

---དུང་དཀར་བློ་བཟང་འཕྲིན་ལས།

ལྟོས་ཤིག་རྩོམ་རིག་མཁས་པའི་བརྩམ་བྱ་དེས།།དམངས་ཁྲོད་སྒྱུ་རྩལ་ཉིང་ཁུ་སྤྱོད་ཤེས་ན།།བསྐུལ་བ་མེད་ཀྱང་མང་ཚོགས་རང་ཉིད་ཀྱིས།།དེ་ལ་གཅེས་པར་འཛིན་པ་དངོས་པོའི་གཤིས།།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ས་སྐྱ་ལེགས་བཤད་སྙན་ངག་གི་བསྟན་བཅོས་ཡིན་ན། ཚིགས་བཅད་ཡོད་ཚད་སྙན་ངག་གི་བསྟན་བཅོས་སུ་འགྱུར་བས་ཧ་ཅང་ཁྱབ་ཆེ་སོང་སྙམ།

---ཚེ་ཏན་ཞབས་དྲུང་།

དཔེ་ཚན་པ་གཉིས་ལ་ཚིག་བཅད་སྐོར་གཉིས། དེ་ནས་དོན་ཚན་པ་ཞིག་ལ་ཚིག་བཅད་སྐོར་གཅིག་སྟེ། ཁམས་དང་ཨ་མདོའི་གླུ་རྩོམ་སྟངས་དེ་འདྲ་རེད། དབུས་གཙང་དུ་དེང་སང་གླུ་གཞས་རྣམས་ཚིག་རྐང་བཞི་ཙམ་རེའི་ནང་དུ་བསྡུས་པ་ཤ་སྟག་ཡིན།

---དགེ་འདུན་ཆོས་འཕེལ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060