གནས་ཡུལ། མདུན་ངོས།  ༄༅།།སྐད་ཡིག་གི་སྡེ།
 
 
༄༅།།སྐད་ཡིག་གི་སྡེ།
སྤེལ་དུས། 2009-06-03 ཡོང་ཁུངས་། རྩོམ་པ་པོ།
       སྤྱི་སྐད་ནི་སྟོད་མངའ་རིས་ནས། སྨད་ཨ་མདོའི་མཐའི་བར་དུ་གང་དུ་ཁྱེར་ཡང་བོད་མི་ཡི་གེ་ཤེས་པ་དག་གིས་ཤེས་རྒྱུའི་སྐད་ཡིག་ཞིག་ལ་སྤྱིའི་སྐད་ཡིག་ཟེར།

---དམུ་དགེ་བསམ་གཏན།

དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱིས་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་གོ་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས།

---དགེ་འདུན་ཆོས་འཕེལ།

སྤྱིར་བོད་སྐད་ལ་རྩ་བ་གཅིག་ཡིན་ནའང་ས་ཆ་ཆེ་ཞིང་མི་སྡེ་འཐོར་བཀྲམ་ཆེ་བའི་དབང་གིས་སྒྲ་མི་འདྲ་བར་གྱུར་ལ་ས་ཆ་ལ་ལར་བོད་སྐད་བརྡ་རྙིང་གི་ཐོག་ནས་སྒྲ་གདངས་ཇེ་ཟབ་དང་ཇེ་ལྕིར་སོང་བའི་སྟེང་ནས་འགྱུར་ཡོད་པ་རྒྱལ་རོང་གི་སྐད་ལྟ་བུ་དང་། འགའ་ཞིག་བརྡ་རྙིང་གི་ཐོག་ནས་བརྡ་གསར་དུ་འགྱུར་བ་དབུས་གཙང་གི་སྐད་ལྟ་བུ། འགའ་ཞིག་རང་ས་ནས་འགྱུར་ཚབས་ཆེ་བ་མགོ་ལོག་ཉ་མཚོའི་སྐད་ལྟ་བུ། དེ་དག་ཨེ་བདེན་ལྟོས་དང་ཤེས།

---དམུ་དགེ་བསམ་གཏན

རྩོམ་སྒྱུར་བ་རྣམས་ཀྱིས་ཐོག་མར་རང་གི་སྐྱེ་ཡུལ་དང་གོམས་གཤིས་ཀྱི་ཁོར་ཡུ་ཆུང་ངུ་ལག་མཐིལ་ཙམ་ཞིག་ལ་མ་དམིགས་པར་བོད་ཀྱི་ཡུལ་ཁུམས་མཐའ་དག་དམིགས་འོག་ཏུ་ཆུད་པ་བྱེད་དགོས། རང་རང་གི་ས་ཆའི་ཕལ་སྐད་ཇི་མ་ཇི་བཞིན་བྱས་ཏེ་བསྒྱུར་ན་བོད་ཀྱི་ཡུལ་ཁུམས་མཐའ་དག་ལྟ་ཅི། ཤན་ཁག་གཅིག་གི་ལུང་བ་ཕ་རི་ཚ་རིའི་བར་ནས་ཀྱང་གོ་མི་ཐུབ། དེའི་ཕྱིར་ཅི་ནས་ཀྱང་ཡིག་སྐད་ཚད་ལྡན་གོ་བ་ཅན་གྱི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེ།

ཚེ་ཏན་ཞབས་དྲུང་།

ཐོགམར་བོད་སྐད་བོད་ཡིག་དེ་བོད་མི་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་མི་རིགས་ཀྱི་རྟགས་མཚན་དང་རིག་གནས་ཀྱི་གཞི་རྩ་ཡིན་ལ། སྐད་ཡིག་རིག་གནས་འདི་མ་ཉམས་ན་བོད་མི་རིགས་ཀྱང་ཉམས་མི་སྲིད། སྐད་ཡིག་རིག་གནས་འདི་ཉམས་སོང་ན་མི་རིགས་ཀྱི་རྩ་བ་ནས་ཉམས་འགྲོ་བ་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དང་། རིག་གཞུང་སྟེང་ནས་ངེས་ཐུབ་པ་ཞིག་ཡིན།

---དོར་ཞི།

ཡི་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ཀྱི་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པ་དང་། ཡི་གེ་མེད་པའི་མི་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱི་ཡོད།

----དུང་དཀར་བློ་བཟང་འཕྲིན་ལས།

ཡིག་རིགས་གཞན་ཤེས་པ་ནི་རབ་དང་ཕུལ་བྱུང་རེད། དེང་དུས་ཀྱི་རིག་གནས། ཚན་རིག ལག་རྩལ། ཐ་ན་འཕྲུལ་འཁོར་སྣ་ཚོགས་བཟོ་བཅོས་བྱེད་པའི་དཔེ་ཆ་ཚུན་ཆད་ཀྱི་དཔེ་དེབ་མང་པོ་བོད་ཡིག་ཏུ་བསྒྱུར་ནས་རང་རིགས་ཀྱི་རིག་གནས་དང་དཔལ་འབྱོར་རྒྱས་པ་ནུས་པ་བཏོན་ན། ད་གཟོད་སྔོན་གྱི་མཁས་པ་རྣམས་ལ་འགྲན་པ་དང་འཕྱས་གདགས་པའི་མ་རྩ་ཡོད་སོང་བ་རེད།

---དམུ་དགེ་བསམ་གཏན།

བོད་ཡིག་མིང་ཚིག་ཁག་གཅིག་ངག་ཐོག་ནས་ནས་མྱུར་སྟབས་སུ་བརྗོད་པའི་དབང་གིས་ཁ་སྐད་ལ་ཡི་གེའི་ཚེག་ཁྱིམ་གྱི་ནུས་པ་རང་ཤུགས་སུ་འདྲེས་འགྲོ་བ་དེ་རིགས་གང་སར་དངོས་སུ་ཐོས་རྒྱུ་ཡོད།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

བོད་རིགས་ཀྱི་ཡི་གེ་དང་སྐད་ཀྱང་དུས་སྐབས་རིང་བོ་ཞིག་གི་ནང་དུ་ཆགས་པ་དང་། དར་བ་དང་། རྒྱས་པ། ཞུན་བདར་ཆོད་པ་བྱས་ནས་བྱུང་བ་ཡིན།

---དམུ་དགེ་བསམ་གཏན།

མི་ཁ་ཤས་ཀྱིས་སྐད་ཡིག་ནི་བེད་སྤྱོད་པའི་ལག་ཆ་ཁོ་ནར་ལྟ་ཞིང་། བེད་སྤྱོད་བྱེད་ཡུལ་ཆུང་ན་བསླབ་པའི་དགོས་པ་ཆུང་བསམ་ཞིང་། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཞིག་ཏུ་བཟུང་ནས་རྒྱུན་འཛིན་དགོས་པ་མི་ཤེས།

---དོར་ཞི།

མང་ཚོགས་ཀྱི་སྐད་དང་མཐུན་པར་བྱེད་དགོས་ཞེས་འུར་རྒྱག་མོད། དོན་ལ་ནི་མང་ཚོགས་ཀྱི་སྐད་དང་མཐུན་པར་བྱེད་ཨེ་ཐུབ་མི་ལྟ་བར། བོད་ཀྱི་སྤྱི་འགྲོའི་མིང་ཚིག་དོར་ཏེ། ཡུལ་སྐད་ཀྱི་མིང་ཚིག་རེ་ཁྱེར་ཡོང་ནས་སྤྱི་སྐད་ཀྱི་ཚབ་བྱེད་པ་ནི། སྐད་ཡིག་གཅིག་གྱུར་དུ་འགྲོ་བ་གེགས་བྱེད་པའི་ཉེན་ཁ་ཞིག་ཡིན་པར་སེམས།

---དམུ་དགེ་བསམ་གཏན།

སྐད་རིགས་སྣ་ཚོགས་བསྲེས་ནས་བཤད་ལོབ་ཏུ་གྱུར་བའི་ཙོང་ཁ་ཕྱོགས་ཀྱི་ཡུལ་གྲུ་འགར། ང་བོད་མིན་ན་དཀོན་མཆོག་གསུམ། བོད་སྐད་ཤེས་ན་དཀོན་མཆོག་གསུམ། ཞེས་དགོད་བྲོ་བའི་ཁ་དཔེ་ད་ལྟའི་བར་དུ་ཡོད་པ་བཞིན་ནོ།

---ཚེ་ཏན་ཞབས་དྲུང་།

སྐོར་གསུམ་རུ་བཞི་སྒང་དྲུག་སོགས་བོད་མིའི་ཡུལ་སྐད་ཀྱི་རྣམ་འགྱུར་ཕྲ་མོ་ཤིན་ཏུ་བལྟ་དཀའ་ཞིང་བརྟག་པར་དཀའ་བ་ལ་མཐོང་ཐོས་ཉམས་མྱོང་བཀའ་བཅད་འཁྲུལ་སྤོང་ལུང་རིགས་བདུན་གྱི་ལམ་ནས་ཤ་ཚོད་རུས་ཆོད་དུ་མ་བརྟགས་པར་ཡོན་ཏན་ཆུང་ལ་སྙིང་ཁམས་ཆེ་བ་ཞེས་བྱ་བའི་ཚུལ་གྱིས་རང་དགར་བགེགས་གཏོར་ལ་ཉི་ཟླའི་རྒྱན་བཏགས་པ་ཙམ་དུ་ཟད།

---ཤེས་རབ་རྒྱ་མཚོ།

བོད་ཡིག་གི་སྲོལ་གསར་དུ་ཕྱེས་ན་བཟུང་། ད་བར་ལོ་ཆིགས་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད། དེའི་རིང་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་གོ་ཐུབ་པ་ནི། བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད།

---དགེ་འདུན་ཆོས་འཕེལ།

བཀའ་དང་བསྟན་བཅོས། བརྡ་གསར་རྙིང་། མིང་ཚིག་སྣ་ཚོགས། སྔོན་རྗེས་མིང་གསུམ་གྱི་འཇུག་པ་དག་པར་ཐོན་མི་ཐོན། མགོ་གསུམ་འདོགས་བཞིའི་བརྗོད་སྟངས་ཟུར་ཕྱིན་མ་ཕྱིན་ལ་མང་ཐོས་ཉམས་མྱོང་རིགས་ལམ་གྱི་སྒྲུབ་བྱེད་དང་ལྡན་པས་ལག་ལེན་མཛད་ན་རང་གི་རྒྱལ་ཁབ་དང་། མི་མང་གི་ཡོན་ཏན་དང་། ཆོས་ལུགས་གསུམ་ལ་ཕན་པ་མངོན་སུམ་མོ།།

---ཤེས་རབ་རྒྱ་མཚོ།

རིག་གནས་གསར་བརྗེའི་སྔོན་དང་། རྗེས་སུའང་མང་ཚོགས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་བོད་ཀྱི་སྤྱིའི་སྐད་ཡིག་ལ་གནའ་རབས་ཀྱི་ཡི་གེ་ཟེར་ཞིང་། དབུས་ཁམས་མདོ་གསུམ་གྱི་འབྲོག་འབངས་རྒྱ་ཆེན་པོའི་སྐད་དེ་གདོད་མའི་སྤྱི་ཚོགས་ཀྱི་སྐད་རེད་ཟེར་གྱིན་ཡོད།

---དམུ་དགེ་བསམ་གཏན།

རིམ་གྱིས་ཡིག་གཟུགས་ལ་འགྱུར་ཞིང་། སྐད་འགྱུར་བས་གླེགས་བམ་ལ་བྲིས་པ་རྣམས་མི་ཕལ་བས་གོ་མི་ནུས་པ་འདི་བྱུང་བ་ཡིན་ནོ།།

---དགེ་འདུན་ཆོས་འཕེལ།

ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།

དོན་གྱི་གོ་བས་ཚིག་གི་དག་ཐོན་པ།།

---ཤེས་རབ་རྒྱ་མཚོ།

ནའ་ཡིག་ཁྲོད་ཀྱི་མིང་ཚིག་ཁྱབ་ཆེ་བ་ལ་ལའི་གོ་དོན་དེང་སྐབས་ཡོངས་ཁྱབ་ཀྱི་ངོས་འཛིན་དང་མི་མཐུན་པའམ། ཡང་ན་སྐབས་འགར་མི་འདྲ་བ་སོགས་འགྱུར་བ་ཆེ་ཙམ་བྱུང་ཟིན་པ་དེ་དག་གིས་ཀྱང་བརྗོད་དོན་གྱི་གོ་བ་ཇི་བཞིན་ལེན་རྒྱུར་དཀའ་ངལ་སྣ་ཚོགས་འཕྲད་ཀྱིན་ཡོད།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ལྷ་སའི་སྐད་འདི་ཡིན། ཁམས་སྐད་འདི་ཡིན། ཨམ་སྐད་འདི་ཡིན་ཟེར་ནས་སྤྱི་སྐད་གཏོར་བའི་ལས་ལ་མི་འཇུག་པར་ཞུ།

---དམུ་དགེ་བསམ་གཏན།

ངེད་ཀྱི་སེམས་ལ་ནི་ཁྭ་དང་སྐྱ་ཀ། སྐྱུང་ཀ ཕོ་རོག་ངང་བ་སོགས་ཀྱི་བྱ་ཕལ་མོ་ཆེའི་མིང་སོ་སོའི་སྐད་གདངས་ལ་ལྟོས་ནས་བཏགས་པར་མངོན་ལ། དེ་ལྟར་ན་ཁྭ་ལ་བ་ཟུར་བཏགས་པ་ཡང་དེའི་གངས་བཞིན་བྲིས་སྙམ།

---དགེ་འདུན་ཆོས་འཕེལ།

བོད་ཡིག་གི་དབྱངས་གསལ་དང་མགོ་འདོགས། འཕུལ་དང་མཐའ་རྟེན། ཕྲལ་ཀློག་དང་སྦྱོར་ཀློག་རྣམས་ལ་ལུགས་དང་མི་མཐུན་པའི་བཅོས་བསྒྱུར་བྱེད་བསམ་ན་ནི། བླང་དོར་གྱི་གནས་ཚུལ་བཞིན་དུ་འབྱེད་པ་ལ་རྨོངས་པའི་མཚོན་བྱེད་གཟུགས་སུ་ཤར་བ་ཡིན་གྱི། རྣམ་དཔྱོད་དང་ལྡན་པ་སུས་ཀྱང་ཁས་ལེན་པའི་སྐབས་མ་མཆིས་སོ།།

---ཚེ་ཏན་ཞབས་དྲུང་།

ཡི་གེ་དེ་ཡང་ཐོག་མར་སྐད་ལ་བརྟེན་ནས་བཟོས་པ་ཡིན་ལ། སྐད་ཀྱི་ཆེད་དུ་བཟོས་པ་ཡིན་གཤིས། ཡི་གེས་སྐད་ལ་ཞབས་འདེགས་ཞུ་དགོས།

---དམུ་དགེ་བསམ་གཏན།

དེ་ལ་མིའི་རིགས་རྒྱུད་ཆེན་འགའ་ཞིག་ལ་ཤེས་རབ་སྐྱེ་བའི་འགོ་བརྩམས་པ་ན། སྔོན་གྱི་མི་རྣམས་ཐོག་མར་རི་མོ་བྲི་བའི་ལས་བྱས་ཏེ་རིམ་གྱིས་ཡི་གེ་ཡང་བྱུང་བར་མངོན།

---དགེ་འདུན་ཆོས་འཕེལ།

བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱང་། བོད་རང་གི་སྐད་ཕྱི་ཡུལ་གྱི་ཆོས་ཉིད་ལ་ཡོད་པ་དག་ཕྱོགས་སྡོམ་བྱས་པ་ཡིན།

---དམུ་དགེ་བསམ་གཏན།

རང་ཅག་བོད་ཀྱི་ཡི་གེ་ནི་སྒྲ་སྦྱོར་གྱི་ཡི་གེ་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་། ལོ་སྟོང་ལྷག་རིང་ས་གནས་སོ་སོའི་ཡུལ་སྐད་ལ་འཕེལ་འགྱུར་ཚད་མི་འདྲ་བ་ཅི་རིགས་ཤིག་བྱུང་ནའང་། རྩ་བའི་སྐད་ཀྱི་འབྱུང་གཞི་གཅིག་ཡིན་པར་བརྟེན་སྦྱོར་ཚུལ་ཁུངས་དང་རིགས་འདེད་བྱ་ཡུལ་ཡངས་ཤིང་རྒྱ་ཆེ་བ་ཡོད།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ལོ་ངོ་སྟོང་ཕྲག་གི་རིང་ལ་བསགས་པའི་རྩ་བའི་ཐ་སྙད་མེད་པར་བཟོས་ནས། དུས་སྐབས་ཐུང་ངུ་ཞིག་ལ་རྩ་བའི་ཐ་སྙད་བཟོ་ཐབས་མེད་པ་སྨོས་ཅི་དགོས།

---དམུ་དགེ་བསམ་གཏན།

དབུ་མེད་ནི་དང་པོ་ནས་ཆེད་དུ་བཟོས་པ་མིན་པར་དབུ་ཅན་མགྱོགས་པར་བྲིས་པ་་ལས་རང་བཞིན་གྱིས་བྱུང་།

---དགེ་འདུན་ཆོས་འཕེལ།

ཚིག་གི་རྒྱན་ནི་མི་ཤེས་ཤིང་།།ཟབ་དོན་འབྱེད་པའི་བློ་མེད་པ།།བརྡ་སྤྲོད་གཞུང་ཡང་མ་བཀླགས་པར།།  སྨྲ་ལ་དགའ་འདི་སྨྱོས་སམ་ཅི།།

---ཤེས་རབ་རྒྱ་མཚོ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060