| ཞིང་ལས་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་ཚེས་བརྒྱད་ཉིན་བཤད་རྒྱུར། ཀན་སུའུ་ཞིང་ཆེན་འབྲུག་ཆུ་རྫོང་དུ་འདམ་ཟེགས་འདྲེས་མའི་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་རྗེས། ཞིང་ལས་པུའུ་ཡིས་མྱུར་དུ་ཀན་སུའུ་ཞིང་ཆེན་ཞིང་ལས་སྡེ་ཁག་ལ་འབྲེལ་འདྲིས་བྱས་ཏེ། གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཐོག་མར་རྟོག་ཞིབ་བྱས་པ་ལྟར་ན། འབྲུག་ཆུ་རྫོང་གི་སྡེ་བ་ཁ་ཤས་ཀྱི་ཁང་པ་བརྡིབས་པ་དང་། ཕྱུགས་ཁང་སོགས་ཞིང་ལས་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཤིང་། ཞིང་ས་མུའུ་སྟོང་གསུམ་ལྷག་གི་ལོ་ཏོག་ལ་གཏོད་པ་ཐེབས་པ་དང་། ཕྱུགས་ཟོག་ཁྲི་གཅིག་ལྷག་ཆུས་འཁུར་ཟེར། ཀན་སུའུ་འབྲུག་ཆུའི་འདམ་ཟེགས་འདྲེས་མའི་ཆུ་ལོག་ཆེན་པོའི་ཞིང་ལས་ཐད་ཀྱི་གནོད་སེལ་བྱ་བར་རྒྱབ་སྐྱོར་བྱེད་ཆེད། ཞིང་ལས་པུའུ་ཡིས་མྱུར་དུ་འཕྲལ་བསྟུན་བྱེད་ཐབས་སྤྱད་དེ། དེ་མ་ཐག་ཏུ་དུག་སེལ་གྱི་སྨན་རྫས་ཏུན་བརྒྱད་ཅུ་དང་དུག་སེལ་གྱི་ཡོ་བྱད་སྟོང་གཉིས། འགོག་སྲུང་གི་ལྭ་ཁྲི་གཉིས་བཅས་གནོད་འཚེ་ཐེབས་སར་བསྐྱལ་བ་དང་། སྲོག་ཆགས་རིམས་འགོག་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་གནོད་འཚེ་ཐེབས་སར་མངགས་ནས། དུག་སེལ་དང་སྲོག་ཆགས་རིམ་འགོག་བྱ་བར་རོགས་རམ་བྱེད་དུ་བཅག་པར་མ་ཟད། གནོད་འཚེའི་རྗེས་ཀྱི་སྲོག་ཆགས་རིམ་འགོག་ཐབས་ཇུས་གཏན་འབེབ་བྱས་ཏེ། གནོད་འཚེའི་རྗེས་སུ་སྲོག་ཆགས་རིམས་ནད་མཆེད་པར་བཀག་འགོག་བྱེད་བཞིན་ཡོད། |