བུན་ཅ་པའོ་ཡིས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ནས་ཆུ་ལོག་གི་ཉེན་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་གནང་བ།
སྤེལ་དུས། 2010-08-10   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྲིགས།

  ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པའོ་འདམ་ཟེགས་འདྲེས་མའི་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་པའི་ཀན་སུའུ་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་ཕེབས་ཏེ། གནོད་འཚེ་ཐེབས་པའི་གནས་ཚུལ་ལ་གཟིགས་པ་དང་ཉེན་སེལ་བྱ་བར་མཛུབ་སྟོན་གནང་།

   ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། བུན་ཅ་པའོ་ཡིས་ཀན་སུའུ་འབྲུག་ཆུ་རྫོང་སྲིད་གཞུང་ལས་ཁུངས་ནས་གྲོས་ཚོགས་བསྡུས་ཏེ། འབྲེལ་ཡོད་ཡར་ཞུ་ལ་ཉན་རྗེས། ཁོང་གིས་ཆུ་ལོག་གི་ཉེན་སེལ་རྒུད་སྐྱོབ་བྱ་བར་སྔར་ལས་བཀོད་སྒྲིག་མཛད། བུན་ཅ་པའོ་ཡིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲུག་ཆུ་རྫོང་ལ་འདམ་ཟེགས་འདྲེས་མའི་ཆུ་ལོག་ཆེན་པོ་བརྒྱུགས་པའི་གནོད་འཚེ་དེ་གཙིགས་ཆེན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐོ་ཡིས་ཉེན་སེལ་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་ཆོག་མཆན་མཛུབ་སྟོན་གལ་ཆེན་གནང་།ད་ལྟའི་ལས་འགན་གཙོ་བོ་ནི་མི་སྐྱོབ་རྒྱུ་དེ་ཡིན་ལ། རེ་བ་ཉག་ཅིག་ཡོད་ན། སྐྱོབ་ཅི་ཐུབ་བྱེད་རྒྱུ་དང་། གོ་སྐབས་གཅིག་ཀྱང་ཤོར་དུ་མི་འཇུག་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་དལ་འགོར་བྱེད་མི་རུང་། རྩ་འཛུགས་བྱ་བ་བཟང་བོར་སྒྲུབ་སྟེ། ཉེན་སེལ་རྒུད་སྐྱོབ་བྱ་བ་དེ་གོ་རིམ་ཡོད་པའི་སྒོ་ནས་སྒྲུབ་རྒྱུ་དང་། ཉེན་སྐྱོབ་དཔུང་སྡེ་དེ་ཚན་རིག་དང་ལུགས་མཐུན་གྱི་སྒོ་ནས་བཀོད་སྒྲིག་བྱེད་དགོས། ས་འདེད་འཕྲུལ་ཆས་དང་ཚེ་སྲོག་འཚོལ་ཞིབ་བྱད་ཆས་སོགས་ཉེན་སྐྱོབ་ཡོ་བྱད་ཀྱི་གནད་དོན་མྱུར་དུ་ཐག་གཅོད་དགོས། གཉིས་ནས་འདམ་ཟེགས་མྱུར་དུ་གཙང་དག་བྱེད་རྒྱུ་དང་། འདམ་བག་གཙང་དག་དང་མི་སྐྱོབ་པ་གཉིས་ཟུང་འབྲེལ་བྱེད་དགོས། གསུམ་ནས་མཚོ་འཁྱིལ་ཕྱུངས་པའི་ཇུས་གཞི་གཏན་འབེབས་བྱེད་པར་དམ་འཛིན་བྱེད་རྒྱུ། ཆུ་བོའི་སྟོད་སྨད་རྒྱུད་དང་འགྲམ་ངོགས་ཀྱི་བདེ་འཇགས་ལ་བསམ་བློ་བཏང་སྟེ། ཚན་རིག་དང་བདེ་བཇགས། མགྱོགས་མྱུར་བཅས་ཀྱི་རྩ་དོན་ལྟར། མཚོ་འཁྱིལ་ཕྱུངས་པའི་གནོད་དོན་སྔ་མོ་ནས་ཐག་གཅོད་པ་དང་། འགྲམ་གཤོང་གཙང་དག་དང་བདེ་སྙོམས་བྱེད་པར་དམ་འཛིན་དང་། གནོད་འཚེ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས། བཞི་ནས་གཏོར་ཞིག་ཐེབས་པའི་རྨང་གཞིའི་སྒྲིག་ཆས་མྱུར་དུ་ཉམས་གསོ་བྱས་ཏེ། ཆུ་གློག་ལམ་གསུམ་དང་འཕྲིན་གཏོང་ལ་ཁག་ཐེག་བྱེད་དགོས། ལྔ་ནས་མང་ཚོགས་བདེ་འཇགས་ཡིན་སར་སྤོར་བའི་བྱ་བ་ལེགས་པོར་སྒྲུབ་སྟེ། མང་ཚོགས་ལ་འདུག་སའི་ཁང་བ་དང་བཟའ་བཏུང་ཡོད་པ་དང་། ནད་ཕོག་ཚེ་གསོ་བཅོས་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། དྲུག་ནས་རྨས་མ་དུས་ལྟར་མྱུར་སྐྱོབ་བྱེད་པ་དང་། འཕྲོད་བསྟེན་རིམས་འགོག་བྱ་བར་ཤུགས་སྣོན་དགོས། བདུན་ནས་ད་ལྟའི་གནོད་སེལ་བྱ་བ་བཟང་བོར་སྒྲུབ་པ་དང་མཉམ་དུ། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་ལ་ཇུས་འགོད་བྱེད་དགོས། བརྒྱད་ནས་ཉེན་སེལ་རྒུད་སྐྱོབ་ཕྱོགས་ཀྱི་གསར་འགྱུར་ནོར་བ་མེད་པར་དུས་ལྟར་ཀུན་ལ་སྒྲོག་དགོས།    བུན་ཅ་པའོ་ཡིས་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་རིམ་པ་ཁག་གི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་རྩ་འཛུགས་བྱས་ཏེ་ཉེན་སེལ་རྒུད་སྐྱོབ་བྱེད་པར་སྣེ་འདྲེན་བྱེད་དགོས་པ་དང་། གནོད་ཐེབས་མང་ཚོགས་ལ་སེམས་གསོ་ཞིབ་མོ་བྱས་ཏེ། རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་སྲོལ་སྲུང་སྐྱོང་བཟང་པོ་དང་། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་རྒྱུ་དང་། གནོད་འཚེ་ཡང་བསྐྱར་འབྱུང་བར་གཡོལ་ཐབས་བྱས་ཏེ། ཉེན་སེལ་དཔོན་དམག་གི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།  བུན་ཅ་པའོ་ཡིས་བྱ་བའི་ཚན་ཁག་སོ་སོ་དང་ས་གནས་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་ཕན་ཚུན་ལ་གཞོགས་འདེགས་དམ་པོ་བྱས་ཏེ། མྱུར་དུ་འགུལ་སྐྱོད་སློང་དགོས་པའི་ཐུགས་རེ་བཏོན་པར་མ་ཟད། ཞིག་རོ་དང་འདམ་ཟེགས་འོག་ཏུ་མནན་པའི་ཚེ་སྲོག་ལ་མཚོན་ན། ད་ནི་ཆེས་གནད་འགག་གི་དུས་སྐབས་ཡིན་པས། ད་ནས་བཟུང་སྟེ། ཉེན་སྐྱོབ་བྱ་བ་དེ་དུས་ཚོད་སྐར་ཆ་ཙམ་ལའང་མཚམས་འཇོག་མི་རུང་ཞིང་། མཚན་མོར་ཡང་མི་སྲོག་སྐྱོབ་དགོས་ཞེས་གསུངས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཁབ་ཆུ་ལོག་འགོག་པ་དང་ཐན་པ་སེལ་བའི་སྤྱིའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཧོས་ལེང་ཡུས་ཀྱིས་ཀྱང་ཚོགས་ཐོག་ནས་གསུང་བཤད་གནང་།  དུས་ཚོད་ཉེར་གཅིག་ཡས་མས་སུ། བུན་ཅ་པའོ་དང་ཧོས་ལེང་ཡུས་གཉིས་ད་དུང་རྫོང་མི་དམངས་སྨན་ཁང་དུ་ཕེབས་ཏེ་རྨས་ཕོག་པའི་མང་ཚོགས་ལ་འཚམས་འདྲི་ཞུས་ཏེ། ཚང་མས་སེམས་བདེ་ལ་བབས་ཏེ་གསོ་བཅོས་བྱེད་པ་དང་། སྔ་མོ་ནས་བདེ་ཐང་ཡོང་བའི་སྐུལ་མ་གནང་།  དུས་ཚོད་ཉེར་གསུམ་ཡས་མས་སུ། བུན་ཅ་པའོ་ཡིས་ཡང་བསྐྱར་གྲོས་ཚོགས་བསྡུས་ཏེ། ཉེན་སེལ་རྒུད་སྐྱོབ་ཀྱི་བྱེད་ཐབས་དངོས་འབེབ་བྱས་པའི་གནས་ཚུལ་གྱི་ཐད་ནས་འབྲེལ་ཡོད་སྡེ་ཁག་གི་གནས་ཚུལ་ཡར་ཞུ་ལ་ཉན་ནས། ཆུ་ལོག་ཉེན་སེལ་རྒུད་སྐྱོབ་བྱ་བར་སྔར་ལས་བཀོད་སྒྲིག་བྱས། ཧོས་ལེང་ཡུས་ཀྱིས་ཀྱང་ཚོགས་ཐོག་ནས་གསུང་བཤད་གནང་། གྲོས་ཚོགས་དེ་ཚེས་དགུ་ཉིན་གྱི་ནམ་གུང་གི་དུས་ཚོད་གཉིས་བར་རྒྱུན་བསྲིངས།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060