| གསར་འགོད་པས་ཟླ་བརྒྱད་པའི་ཚེས་དགུ་ཉིན་གྱི་ནམ་གུང་གི་དུས་ཚོད་གཉིས་ཡས་མས་སུ་འབྲུག་ཆུ་རྫོང་བཀོད་འདོམས་པུའུ་ཡིས་བསྡུས་པའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་པ་ལྟར་ན། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་པུའུ་དང་ཀན་སུའུ་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་སྡེ་ཁག་སོགས་ཀྱིས་ཡུལ་དངོས་ལ་ལྟ་ཞིབ་དང་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད། འབྲུག་ཆུ་རྫོང་དུ་ཆུ་ལོག་ཆེན་པོ་བྱུང་བའི་ས་གཤིས་གནོད་འཚེ་འབྱུང་རྐྱེན་གསུམ་ཡོད་པ་ཐོག་མར་ངོས་བཟུང་། རྒྱུ་རྐྱེན་དང་པོ་ནི་འབྲུག་ཆུའི་ས་བབ་ཆགས་སྟངས་དང་ཁྱད་པར་ཅན་གྱི་ས་གཤིས་གྲུབ་ཚུལ་དེ་གནོད་འཚེའི་འབྱུང་རྐྱེན་གཙོ་བོ་རེད་སྙམ། ཆེད་ལས་མཁས་པས་དབྱེ་ཞིབ་བྱས་པ་ལས། འབྲུག་ཆུ་རྫོང་མཁར་ཉེ་འདབས་ཀྱི་ས་གཤིས་གྲུབ་སྟངས་ཀྱི་བྲག་ངོས་བརྟན་པོ་མིན་པས་ཅུང་འཇིགས་སླ་བ་དང་། རླུང་ཟད་བྱུང་ཚད་ཀྱང་ཅུང་ཚབས་ཆེ་བའི་དབང་གིས། རི་ཉིལ་བ་དང་འདམ་ཟེགས་འདྲེས་མའི་ཆུ་ལོག་གི་གནོད་འཚེ་ཅུང་འབྱུང་སླ་བ་རེད་སྙམ། གཉིས་ནས་བུན་ཁྲོན་ས་འགུལ་གྱི་གནོད་པ་ནི་རྒྱུ་རྐྱེན་གཙོ་བོའི་ནང་གི་གཅིག་ཡིན། འབྲུག་ཆུ་རྫོང་ནི་བུན་ཁྲོན་ས་འགུལ་གྱི་གནོད་ཐེབས་ས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན་པས། ས་འགུལ་བྱུང་བ་དེ་ལས་འབྲུག་ཆུ་རྫོང་མཁར་མཐའ་མཁོར་གྱི་རི་ངོས་སྒུལ་ཟིན་པས་བྲག་རི་འཇིགས་སླ་བ་རེད། ས་འགུལ་གྱིས་གནོད་པ་བཟོས་པའི་རི་ངོས་དེ་སླར་གསོ་བྱེད་ན་ལོ་གསུམ་ནས་ལྔའི་བར་དགོས་ལ། འོན་ཀྱང་བུན་ཁྲོན་ས་འགུལ་བྱུང་ནས་ལོ་གཉིས་ལྷག་ལས་འགོར་མེད། རྒྱུ་རྐྱེན་གསུམ་པ་ནི་འབྲུག་ཆུ་ས་ཁུལ་ལ་ན་ནིང་གི་དུས་ཚིགས་བཞི་བ་ནས་ད་ལོའི་ལོ་སྟོད་བར་བསྟུད་མར་ཐན་པ་བྱུང་ནས། རྫོང་མཁར་མཐའ་འཁོར་གྱི་བྲག་ངོས་ལ་གས་སྲུབས་བྱུང་བའི་དབང་གིས་ཆར་ཆེན་འབབ་སྐབས་རི་ཉིལ་སླ་བ་དེ་རེད། |