| ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་ཞོགས་པར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ལ་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་ཏེ། མི་ལ་ཤི་རྨས་ཚབས་ཆེན་བཟོས་པར་མ་ཟད། གློག་ཤུགས་དང་འགྲིམ་འགྲུལ། འཕྲིན་གཏོང་སོགས་ཆད། གནས་ཚུལ་དེ་གོ་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་དེར་ཧ་ཅང་མཐོང་ཆེན་བྱས། ཧྲུའུ་ཅི་ཆང་བེ་དང་ཧྲིན་ཀྲང་ལོ་ཧོས་ཉིན་གཉིས་ཀྱི་མཛུབ་སྟོན་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཞུའུ་ཧྥུའུ་ཧྲུན་གྱིས། གཅིག་ནས་ཞིང་ཆེན་འཕྲོད་བསྟེན་ཐིན་གྱི་འགན་ཁུར་བློ་མཐུན་གྱིས་འབྲུག་ཆུ་རྫོང་དང་ཐག་ཉེ་སའི་མགོ་ལོག་ཁུལ་ནས་མི་སུམ་ཅུའི་སྨན་བཅོས་མྱུར་སྐྱོབ་རུ་ཁག་ཅིག་རྩ་འཛུགས་བྱེད་དགོས་པར་མ་ཟད་བོད་སྨན་ཁྱེར་ནས་གནོད་ཐེབས་ས་ཁུལ་དུ་འགྲོ་དགོས་པ་དང་། གཉིས་ནས་ཧྲིན་ཀྲང་གཞོན་པ་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་བློ་མཐུན་ཧི་ཐིན་གྱིས་ཟི་ལིང་དང་མཚོ་ཤར། རྨ་ལྷོ་ཁུལ་བཅས་ཀྱི་མེ་གསོད་ཡན་ལག་རུ་ཁག་ལས་མྱུར་སྐྱོབ་རུ་ཁག་ཅིག་རྩ་འཛུགས་བྱེད་རྒྱུའི་འགན་ཁུར་ཏེ། ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་སྟེང་གནོད་ཐེབས་ས་ཁུལ་དུ་མངགས་ནས་ཉེན་སེལ་མྱུར་སྐྱོབ་བྱ་བར་ཞུགས་པ། གསུམ་ནས་ཞིང་ཆེན་ཆུ་བེད་ཐིན་གྱིས་ཆུ་བེད་ཆེད་ལས་ཀྱི་ཉེན་སེལ་མྱུར་སྐྱོབ་རུ་ཁག་ཅིག་རྩ་འཛུགས་བྱེད་རྒྱུའི་འགན་ཁུར་ཏེ།ཀན་སུའུ་ཞིང་ཆེན་འབྲེལ་ཡོད་ཕྱོགས་ཀྱི་བརྡ་འབྱོར་རྗེས། མྱུར་དུ་གནོད་ཐེབས་ས་ཁུལ་གྱི་ཉེན་སེལ་རྒུད་སྐྱོབ་བྱ་བར་ཞུགས་པ། བཞི་ནས་ཞིང་ཆེན་སྲིད་གཞུང་མྱུར་སྒྲུབ་བྱ་བའི་དོ་དམ་གཞུང་སྒྲུབ་ཁང་གིས་ཀན་སུའུ་ཞིང་ཆེན་སྲིད་གཞུང་མྱུར་སྒྲུབ་བྱ་བའི་དོ་དམ་གཞུང་སྒྲུབ་ཁང་དང་འབྲེལ་འདྲིས་བྱས་ནས། གལ་ཏེ་ཕྱོགས་གཞན་པའི་དགོས་མཁོ་བྱུང་ཚེ། མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་རྩ་འཛུགས་སྒོས་རོགས་སྐྱོར་བྱེད་པའི་བྲེལ་མྱུར་བཀོད་སྒྲིག་བྱས། |