| གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ལ་འདམ་ཟེགས་འདྲེས་མའི་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་རྗེས། རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་དང་། དམངས་སྲིད་པུའུ་ཡིས་མྱུར་དུ་བྲེལ་མྱུར་བྱེད་ཐབས་སྤྱད་དེ། ཀན་སུའུ་ཞིང་ཆེན་གྱིས་འབྲུག་ཆུ་རྫོང་དུ་འདམ་ཟེགས་འདྲེས་མའི་ཆུ་ལོག་ཆེན་པོའི་གནོད་སེལ་རྒུད་སྐྱོབ་བྱ་བ་བཟང་པོར་བསྒྲུབ་པར་སྟོབས་ཤུགས་ཡོད་དགུས་རྒྱབ་སྐྱོར་བྱས་པར་མ་ཟད་མྱུར་དུ་གནོད་འཚེ་ཐེབས་སར་རས་གུར་སྟོང་ལྔ་བསྐྱལ། མཚམས་སྦྱོར་བྱས་པ་ལྟར་ན། དམངས་སྲིད་པུའུ་ཡིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྒུད་སྐྱོབ་འཕྲལ་བསྟུན་བྱེད་ཐབས་མྱུར་དུ་སྤྱད་དེ་ཀན་སུའུ་ཞིང་ཆེན་གྱིས་གནོད་འགོག་རྒུད་སྐྱོབ་བྱ་བ་དང་མང་ཚོགས་བཀོད་སྒྲིག་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་པར་སྟོབས་ཤུགས་ཡོད་དགུས་རྒྱབ་སྐྱོར་བྱས་ཟེར། གནོད་འཚེ་ཐེབས་སའི་དགོས་མཁོ་གཞིར་བཟུང་ནས། དམངས་སྲིད་པུའུ་དང་ལྕགས་ལམ་པུའུ་ཡིས་མྱུར་དུ་དམངས་སྲིད་པུའུ་ཀྲུང་དབྱང་རྒུད་སྐྱོབ་དངོས་རྫས་ཞི་ཨན་གསོག་ཉར་ཁང་ནས་གནོད་འཚེ་ཐེབས་སར་རས་གུར་སྟོང་ལྔ་དང་ལྭ་རིང་ཁྲི་གཉིས། ལྟེབས་ཆོག་པའི་ཉལ་ཁྲི་སྟོང་བརྒྱད། ཉལ་ཁུག་སྟོང་ལྔ་བཅས་བསྐྱལ་ཏེ། གནོད་འཚེ་ཐེབས་སའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དཀའ་ངལ་ཐག་གཅོད་པར་རོགས་རམ་བྱས། |