| ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བདུན་ཡས་མས་སུ། སྟབས་བདེའི་བཟའ་ཆས་དང་སྐོམ་ཆུ་སོགས་རྒུད་སྐྱོབ་དངོས་རྫས་དྲུད་ཡོད་པའི་རླངས་འཁོར་ཆེན་པོ་གཉིས་ཟི་ལིང་མགྲོན་ཁང་ནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་གནོད་ཐེབས་ས་ཁུལ་དུ་ཆས།ཀན་སུའུ་འབྲུག་ཆུ་རྫོང་ལ་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་རྗེས། རང་ཞིང་གི་ལས་ཁུངས་སོ་སོའི་མགོ་ཁྲིད་དང་ལས་བྱེད་པ། རིགས་སོ་སོའི་མང་ཚོགས་བཅས་ཀྱིས་ཕྱོགས་གཅིག་ལ་དཀའ་ཁག་བྱུང་ན་ཕྱོགས་མང་པོས་རོགས་རམ་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ནས་ཧུར་ཐག་སྒོས་བྱེད་ཐབས་སྤྱད་དེ་དེར་རོགས་སྐྱོར་བྱས། ཞིང་ཆེན་དཔལ་འབྱོར་འཆར་འགོད་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱིས་རེ་བ་གསལ་བོ་བཏོན་པ་དང་། སྟོབས་ཤུགས་ཡོད་དགུ་བཏོན་ནས་གནོད་ཐེབས་ས་ཁུལ་གྱི་རྒུད་སྐྱོབ་བྱ་བར་རོགས་སྐྱོར་བྱས། ཐེངས་འདིར་ཁོ་ཚོས་སྟབས་བདེའི་བཟའ་ཆས་སྒམ་བཞི་བརྒྱ་དང་སྐོམ་ཆུ་སྒམ་སྟོང་གཅིག་དང་བརྒྱད་བརྒྱ་སོགས་རིན་ཐང་ལ་སྒོར་ཁྲི་དྲུག་ལྷག་ཡོད་པའི་རྒུད་སྐྱོབ་དངོས་རྫས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་དུ་བསྐྱལ། |