| ཀན་སུའུ་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཅུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གནམ་གཤིས་སྔོན་བརྡ་ལྟར་ན། ཚེས་བཅུ་བདུན་ཉིན་ནས་བཟུང་སྟེ་རྗེས་ཕྱོགས་ཀྱི་ཉིན་ལྔའི་ནང་། འབྲུག་ཆུ་དང་འབྲུག་དཀར་གཙང་བོའི་འབབ་རྒྱུད་དུ་ཡང་བསྐྱར་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་སྐབས་སུ་ས་ཁུལ་ཁ་ཤས་སུ་ཆར་འབབ་ཚད་ཧའོ་སྨིས་དྲུག་ཅུ་ནས་བརྒྱད་ཅུར་བསླེབ་རྒྱུ་རེད་ཟེར། ས་གཤིས་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་ཆེད། ཀན་སུའུ་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་དང་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་རིམ་པ་བཞི་བའི་ས་གཤིས་གནོད་འཚེའི་སྔོན་བརྡ་བཏང་། དྲག་ཆར་བབས་ནས་གསར་དུ་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པར་སྔོན་འགོག་བྱེད་པ་དང་། རྒུད་སྐྱོབ་བྱ་བ་བདེ་བླག་ངང་སྒྲུབ་པར་ཁག་ཐེག་བྱེད་ཆེད། འབྲུག་ཆུ་རྫོང་སྲིད་གཞུང་གིས་རྒྱལ་ཁོངས་ཐོན་ཁུངས་ཁོངས་གཏོགས་ཀྱི་འབྲུག་ཆུའི་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་སར་ཡོད་པའི་བྱ་བའི་ཚན་ཆུང་གིས་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་གཏན་ལ་ཕབ་པའི་འབྲུག་ཆུ་རྫོང་མཁར་དང་དེའི་མཐའ་འཁོར་གྱི་ས་གཤིས་གནོད་འཚེ་སྔོན་འགོག་བྱེད་པའི་འཕྲལ་བསྟུན་བྱེད་ཐབས་མྱུར་དུ་ལག་བསྟར་བྱེད་མགོ་བརྩམས། |