| ཨོ་མོན་རྒྱ་གྲམ་དམར་པོ་ཚོགས་པས་ཚེས16ཉིན་གསལ་བསྒྲགས་བྱས་དོན། ཀན་སུའུ་འབྲུག་ཆུ་ལ་འདམ་ཟེགས་འདྲེས་མའི་ཆུ་ལོག་ཆེན་པོ་བྱུང་རྗེས། ཨོ་མོན་གྱི་སྤྱི་ཚོགས་ལས་རིགས་སོ་སོས་གནོད་ཁུལ་མང་ཚོགས་ཀྱི་གནས་ཚུལ་ལ་ཐུགས་ཁུར་བྱེད་བཞིན་ཡོད་ལ། ཨོ་མོན་རྒྱ་གྲམ་དམར་པོ་ཚོགས་པས་མིག་སྔའི་བར་དུ་ལས་རིགས་སོ་སོས་ཞལ་འདེབས་སུ་ཕུལ་བའི་སྒོར་མོ་སྟེ་ཨའོ་མོན་གྱི་སྒོར་མོ་ཁྲི490དང་ལེན་བྱས་ཟེར།ཨོ་མོན་རྒྱ་གྲམ་དམར་པོ་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧོང་རུའུ་ཁའེ་ཡིས་བཤད་རྒྱུར། ལྷན་ཚོགས་ཀྱིས་ཚེས16ཉིན་གནོད་ཁུལ་གྱི་འབྲེལ་ཡོད་ཕྱོགས་ལ་ལ་མི་དམངས་ཤོག་སྒོར་ཁྲི40བརྒྱུད་སྤྲོད་བྱས་ཏེ་རླངས་འཁོར་ཉོས་ནས་རྒུད་སྐྱོབ་བྱ་བར་སྟབས་བདེ་བཟོས་ཡོད། གནོད་ཁུལ་གྱི་འགྲིམ་འགྲུལ་ཇེ་ལེགས་སུ་སོང་རྗེས་ལྷན་ཚོགས་ཀྱིས་འབྲུག་ཆུ་རུ་མི་མངགས་ཏེ་གནས་ཚུལ་རྒྱུས་ལོན་བྱེད་རྒྱུ་ཡིན་ཟེར།ཨོ་མོན་གྱི་ས་དེའི་ལས་རིགས་སོ་སོའི་ཞལ་འདེབས་ཕུལ་བ་ལས་གཞན། ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱིས་མིག་སྔར་མི་དམངས་ཤོག་སྒོར་ཁྲི5000བཏང་ནས་ཀན་སུའུ་འབྲུག་ཆུའི་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། |