མ་ཎི་ཡིག་དྲུག་འོད་ཀྱི་འཁོར་ལོའི་ཕན་ཡོན།
2012-05-25 10:19:00 | རྩོམ་པ་པོ།: ལྗོན་སྨྱུག་ནས་བསྒྲིགས། | ཡོང་ཁུངས།: དྲ་རྒྱ་ལས།

                                 ཡིག་དྲུག་གི་འོད་ཀྱི་འཁོར་ལོའི་ཁུངས་དང་བསྐོར་ཚུལ་གྱི་གནད་དམིགས་པ་བྱ་ཚུལ། 


                

                    

         

༄༅།   །ན་མོ་གུ་རུ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། གྲངས་མེད་དུས་ནས་ཚོགས་གཉིས་གོམས་པའི་མཐུས། །རྨད་བྱུང་ཐུགས་རྗེའི་གཏེར་གྱིས་ཡོངས་གང་བས། །འགྲོ་ལ་བརྩེ་ཆེན་འོད་ཞགས་ཀྱིས་འཁྱུད་པ། །འཕགས་པ་སྤྱན་རས་གཟིགས་ཀྱིས་རྟག་ཏུ་སྐྱོངས། །ཅི་འདོད་རེ་བ་སྐོང་བའི་ཡིད་བཞིན་ནོར། །ཡིག་དྲུག་ལས་ཚོགས་མཆོག་ལ་ཡིད་ཆེས་ནས། །རྣམ་དཀར་ཆུ་གཏེར་རྒྱུན་བཟང་གཡས་སྐོར་གྱིས། །ཚོགས་གཉིས་རིན་ཆེན་འབྱུང་ལྡན་ཅིས་མི་གསོག།མཆོག་དམན་བར་གྱི་སྐྱེ་བོ་མ་ལུས་པ། །འགོག་ལམ་མཐོན་པོ་བཀྲི་བའི་ཐབས་མཁས་ཕྱིར། །ཚེགས་ཆུང་དོན་ཆེའི་ཡིག་དྲུག་འཁོར་ལོའི་ཚུལ།།ཉམས་ལེན་རིམ་པ་འདིར་ནི་འདྲི་བར་བྱ།།དེ་ལ་འདིར་དྲང་བ་དང་ཞེས་པའི་དོན་གྱི་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་གཅིག་ཏུ་སྦྲིལ་བའི་ཉམས་ལེན་ནི་ཡིག་དྲུག་གི་འཁོར་ལོ་ལས་ཚོགས་དང་བཅས་པ་མཆོག་ཡིན་ལ་ཚུལ་དེ་ལྟ་བུ་ཕན་ཡོན་དང་བཅས་པ་གོ་སླ་བའི་ཚུལ་དུ་ཡིག་རྙིང་གི་དགོངས་པ་དང་བསྟུན་ནས་འགོད་པ་ནི།སངས་རྒྱས་སྣང་བ་མཐའ་ཡས་ཀྱིས།།སྙིགས་མའི་སེམས་ཅན་དོན་ཕྱིར་དུ།།ཡི་གེ་དྲུག་པའི་ཕན་ཡོན་བཤད།།ཡིག་དྲུག་འདྲེན་དང་ཆོས་འཁོར་བསྐོར།།དུས་གཅིག་ཉམས་སུ་ལེན་བྱེད་པ།།སངས་རྒྱས་སྟོང་དང་སྐལ་པ་མཉམ།།ཞེས་གསུངས་སོ།།ཤཱཀྱའི་རྒྱལ་པོས།སྒྲིབ་པ་རྣམས་སེལ་ལེགས་པར་ཉོན།།སྙིང་པོ་དོན་གྱི་རྣམ་སེལ་མཆོག།སྒྲུབ་པ་ལོ་གཅིག་བྱས་པ་བས།།དབྱུག་རྡོ་ལན་གཅིག་བསྐོར་བ་མཆོག།སྙིང་པོ་དོན་བསྒོམ་འབྲིང་གིས་ཀྱང༌།།སྒྲུབ་པ་ལོ་བདུན་བྱས་པ་བས།།ཆོས་འཁོར་ལན་གཅིག་བསྐོར་བ་མཆོག།སྙིང་པོ་དོན་བསྒོམ་ཐ་མས་ཀྱང༌།།སྒྲུབ་པ་ལོ་དགུ་བྱས་པ་བས།།ཆོས་འཁོར་ལན་གཅིག་བསྐོར་བ་མཆོག།ཐོས་བསམ་སྒོམ་གསུམ་བསྐལ་པ་བས།།ཆོས་འཁོར་ལན་གཅིག་བསྐོར་བ་མཆོག།ཅེས་གསུངས་པ་དང༌།།སངས་རྒྱས་སྒྲིབ་པ་རྣམ་སེལ་གྱིས།།ཕ་རོལ་ཕྱིན་པ་བཅུ་པོ་ལ།།བསྐལ་པ་སྟོང་དུ་འབད་པ་བས།།ཆོས་འཁོར་ལན་གཅིག་བསྐོར་བ་མཆོག།སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི།།བསྐལ་པའི་བར་དུ་འཆད་ཉན་ཡང༌།།ཆོས་འཁོར་ལན་གཅིག་བསྐོར་བ་མཆོག།ཞེས་དང༌།མགོན་པོ་བྱམས་པས།ཆོས་ཀྱི་འཁོར་ལོ་ཟབ་མོ་ལ།།ན་བཟའ་ལེགས་པར་ཕུལ་བ་ན།།སྐྱེ་བ་ལྔ་བརྒྱར་གོས་བཟང་འགྱུར།།ལྕགས་ཀྱུ་ཕུལ་བའི་བསོད་ནམས་ནི།།ཐར་པའི་ལམ་ཀུན་བགྲོད་པར་འགྱུར།།དབྱུག་རྡོ་ཕུལ་བའི་བསོད་ནམས་ནི།།གསང་སྔགས་བྱེ་བ་འབུམ་བཟླས་ལས།།འགྲོ་བ་ཡོངས་ཀྱི་མགོན་དུ་འགྱུར།།ལྷ་ཡི་གནོད་སྦྱིན་ཕྱག་བྱར་འགྱུར།།མི་ནོར་ཟས་གསུམ་དབང་དུ་བསྡུས།།འབྲེལ་ཚད་དོན་དང་ལྡན་པར་འགྱུར།།གྲིབ་མ་ཕོག་པའི་སེམས་ཅན་རྣམས།།ངན་སོང་གནས་ལས་ཐར་བར་འགྱུར།།གནས་སྐབས་བསྐོར་བའི་ཕན་ཡོན་ནི།།འགོ་ནད་རིམ་ནད་ཐམས་ཅད་ཐུབ།།ཕྱོགས་ངན་བདུད་གཅོད་མི་མཐུན་ཕྱོགས།།གྲིབ་དང་མི་གཙང་འཁོན་གྲིབ་འཇོམས།།བདུད་དང་བགེགས་གྱི་དཔུང་རྣམས་འཇོམས།།ཞེས་གསུངས་ཤིང་།འཇམ་དཔལ་གྱིས།རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུས།།ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀྱི།།བར་ཆད་ཐམས་ཅད་སྲུང་བར་བྱེད།།མཚམས་མེད་ལྔ་དང་མི་དགེ་བཅུ།།ངན་སོང་ལས་རྣམས་འདི་ཡིས་སྦྱོངས།།སངས་རྒྱས་ཞིང་ནས་ཞིང་དུ་འགྲོ།།བདེ་བ་ཅན་གྱི་ཞིང་ཁམས་སུ།།པདྨའི་སྙིང་པོ་སེང་ཁྲི་ལ།།བརྫུས་ཏེ་སྐྱེ་བ་ལེན་པར་འགྱུར།།ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།།འཕྲིན་ལས་ཕྱོགས་བཅུ་རྒྱས་པར་འགྱུར།།ཞེས་གསུངས་པ་དང༌།ཕྱག་ནིརྡོ་རྗེས།།ཆོས་ཀྱི་འཁོར་ལོ་ཆེན་པོ་འདིས།།སྟེང་གདོན་གཟའ་དང་འོག་གདོན་ཀླུ།།བར་གྱི་བཙན་དང་འབྱུང་པོའི་ཚོགས།།གནོད་བྱེད་ཐམས་ཅད་འདི་ཡིས་ཐུབ།།དེ་ལྟར་ཐུབ་པ་ཅིའི་ཕྱིར་ན།།རྒྱལ་བ་རིགས་ལྔ་སྟེང་ཕྱོགས་ཀྱི།།སངས་རྒྱས་མཐུ་སྟོབས་རྒྱལ་པོ་སོགས།།སྙིང་པོ་རེ་རེབསྡུས་པ་ཡི།།གཟུངས་སྔགས་འཁོར་ལོ་ཡིན་པའི་ཕྱིར།།ཞེས་དང༌།འཕགས་པ་སྤྱན་རས་གཟིགས་ཀྱིས།གཟུངས་སྔགས་འཁོར་ལོ་ཆེན་པོ་འདི།།འཁོར་ལོ་གཞེན་བས་ཁྱད་པར་འཕགས།།སྐལ་བ་ལྡན་པའི་འགྲོ་བ་རྣམས།།ཆོས་འཁོར་འདི་ལ་བློ་གཏད་ནས།།བསྐོར་ཞིང་གསོལ་བ་བཏབ་པ་ནི།།འདི་ཕྱིའི་སྐྱབས་མགོན་མཆོག་ཡིན་ནོ།།ཞེས་གསུངས་སོ།།ཨོཾ་མ་ཎི་པདྨེ་ཧཱུྃ